སྨན་པ་ཚོས་སེམས་པ་བཟང་པོ་བྱས་ན་རང་གཞན་ལུས་སེམས་བཅས་ལ་ཕན། ༧གོང་ས་མཆོག་གིས།
བོད་ཀྱི་རིག་གཞུང་ནི་སེམས་པ་བཟང་པོ་བྱེད་རྒྱུ་དེ་རེད་ཅེས་༧གོང་ས་མཆོག་གིས་འགྲོ་ཕན་སྨན་རྩིས་ཁང་གི་སྐབས་ཉི་ཤུ་པའི་དཀའ་བཅུ་པ་ཚོར་མཇལ་ཁའི་སྐབས་བཀའ་བསྩལ་འདུག
- 2023-03-29
-
-
-
བཞུགས་སྒར་དུ་རྟེན་གཞི་བྱས་བ་འགྲོ་ཕན་སྨན་རྩིས་ཁང་གི་སྨན་སློབ་སྐབས་ཉི་ཤུ་བའི་དཀའ་བཅུ་པ་རྣམ་པ་དང་། འབྲེལ་ཡོད་ལས་བྱེད་ཚོར་སྤྱི་ཟླ་༣པའི་ཚེས་༢༩ཉིན། བཞུགས་སྒར་ཕོ་བྲང་དུ་བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གིས་དམིགས་བསལ་མཇལ་ཁ་དང་བཀའ་སློབ་བསྩལ་སྐབས། ༧གོང་ས་མཆོག་གིས། ནུབ་ཕྱོགས་པའི་སྨན་གྱིས་གཟུགས་པོ་རྐྱང་རྐྱང་མ་གཏོགས་བསམ་བློར་འབྲེལ་བ་དེ་ཙམ་མེད་པ་དང་། བོད་སྨན་དཔེར་ན། རིན་ཆེན་རིལ་བུ་རཏྣ་བསམ་འཕེལ་གྱིས་སེམས་ཞི་བདེ་ཡོང་བ་དང་། རིན་ཆེན་མང་སྦྱོར་གྱིས་ཀྱང་སེམས་ལྷོད་ལ་འབབ་པ་སོགས། བོད་སྨན་གྱིས་འབྱུང་བ་འཁྲུག་བསྡད་པ་ཆ་སྙོམས་པོ་བཟོ་བ་དང་། འབྱུང་བ་ག་རེ་གུད་ཡོད་ན་ཡར་གསོ་བའི་རིགས་ལ་བོད་སྨན་དེ་ཐུན་མོང་མ་ཡིན་པ་ཞིག་ཡོད་པར་བརྟེན། རྒྱ་སྨན་ཡུན་རིང་ཟོས་ཀྱང་མ་ཕན་པར་བོད་སྨན་གྱིས་ཕན་པ་ཡོང་གི་ཡོད་པ་མ་ཟད། ལྷག་པར་རླུང་གི་ནད་ལ་བོད་སྨན་དེ་ཕན་ཐོགས་ཆེན་པོ་ཡོང་གི་ཡོད་ཅིང་། སྨན་པ་ཚོ་སེམས་བཟང་པོ་ཡོད་ན་མི་ལ་ཕན་ཐོགས་ཆེ་བར་ཡོད་པ་གོ་ཐོས་བྱུང་བ་དང་། སེམས་བཟང་པོ་བྱས་ན་སོ་སོའི་དོན་དུའང་སེམས་ཞི་བདེ་དང་དེའི་རྒྱུ་མཚན་གྱིས་ལུས་ཀྱང་བདེ་བ་ཡོང་གི་ཡོད། སྤྱིར་སེམས་པ་བཟང་པོ་བྱ་རྒྱུ་ནི་བོད་ཀྱི་རིག་གཞུང་ཡིན་པ་དང་། བོད་ནི་སྙིང་རྗེའི་ལྷ་མཆོག་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཡིན་པ། འཕགས་པ་སྤྱན་རས་གཟིགས་ཀྱི་དམིགས་བསལ་དགོས་ཆོས་ནི་སེམས་བཟང་པོ་བྱ་རྒྱུ་དང་འབྲེལ་ཡོད་པ་དང་། བོད་མི་ཚོར་འཕགས་པ་སྤྱན་རས་གཟིགས་དང་དམིགས་བསལ་གྱི་ལས་འབྲེལ་ཡོད་བསྡད་པ་ཡིན་པས། བོད་གངས་ཅན་པ་རྣམས་རང་བཞིན་གྱིས་སེམས་བཟང་པོ་ཡོད་པ་དང་། ང་ལ་མོས་པ་ཡོད་བསྡད་མཁན་ཚོས་སེམས་པ་བཟང་པོ་གྱིས་དང་། འཕགས་པ་སྤྱན་རས་གཟིགས་ཀྱིས་ཚེ་རབས་ནས་ཚེ་རབས་རྗེས་སུ་འཛིན་པ་ནི་བརྒྱ་ཆའི་བརྒྱ་ཐམ་པ་ཐག་ཆོད་པ་རེད། ཅེས་བཀའ་བསྩལ་འདུག
ཕྱི་ལོ་༡༩༥༩ལོར་༧གོང་ས་མཆོག་སྟོན་འཁོར་དང་བཅས་བ་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་ཏེ། བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་སླད་གཞིས་ཆགས་དང་། སློབ་གྲྭ། ཆོས་སྡེ། རིག་གཞུང་གི་བསྟི་གནས་བཅས་ཇི་སྙེད་ཅིག་གསར་འཛུགས་སམ་སླར་གསོ་གནང་བའི་སྐབས། བཞུགས་སྒར་བོད་ཀྱི་སྨན་རྩིས་ཁང་འདི་ལ་༧གོང་ས་མཆོག་གིས་འགྲོ་ཕན་སྨན་རྩིས་ཁང་ཞེས་མཚན་གསོལ་ཡོད་ནའང་། ཡོངས་གྲགས་བོད་ཀྱི་སྨན་རྩིས་ཁང་ཞེས་འབོད་སྲོལ་ཡོད་པ་དེར། དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་ལོ་རྒྱུས་རྟེན་འབྲེལ་སོགས་ལ་དགོངས་ཏེ་སྔར་གྱི་མཚན་བྱང་སླར་གསོ་ཐུབ་ན་དགེ་མཚན་ཡོད་ལུགས་དགོངས་འཆར་ཕེབས་པ་བཞིན། སྨན་རྩིས་ཁང་གི་འགན་འཛིན་ལྷན་ཚོགས་ཐེངས་༡༠༩ཐོག་སྙན་སེང་བཀའ་འཁྲོལ་ཞུ་ཐོབ་པ་བཅས་ལ་བརྟེན། སླད་ཕྱིན་སྨན་རྩིས་ཁང་གི་བོད་ཡིག་མཚན་བྱང་དུ་འགྲོ་ཕན་སྨན་རྩིས་ཁང་ཞེས་པར་བཅོས་ཡོད་པ། སྨན་རྩིས་ཁང་གི་སྤྱི་ཁྱབ་འགན་འཛིན་ལས་ཁུངས་ནས་ཕྱི་ལོ་༢༠༢༢ཟླ་༨ཚེས་༩ཉིན་ཡོངས་བསྒྲགས་གནང་ཡོད་པ་དང་། བཞུགས་སྒར་འགྲོ་ཕན་སྨན་རྩིས་ཁང་འདི་ནས་ད་བར་སྨན་པ་དཀའ་བཅུ་པ་སྐབས་༢༠ཐོན་ཏེ་བོད་སྨན་གྱི་སྨན་པ་མང་པོ་གསོ་སྐྱོང་དང་། བོད་སྨན་བཟོ་སྐྲུན་སོགས་རྒྱ་ཁྱབ་ཏུ་གནང་མཁན་གྱི་སྡེ་ཚན་ཧ་ཅང་གལ་གནད་ཅིག་ཆགས་ཀྱི་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།