བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གིས་དཀའ་ངལ་ལས་སླར་གསོ་བྱེད་ཐབས་སྐོར་ལ་བཀའ་སློབ་སྩལ།

རྒྱ་གར་གྱི་ན་གཞོན་ཚོས་གནའ་བོའི་རིག་གཞུང་ལ་དོ་སྣང་བྱས་པ་ཡིན་ན་འཛམ་གླིང་ནང་སེམས་ཀྱི་ཞི་བདེ་བསྐྲུན་ཐབས་ཀྱི་ཞབས་འདེགས་བསྒྲུབ་ཐུབ་པའི་ནུས་པ་ཡོད་ཅེས་༧གོང་ས་མཆོག་གིས་སློབ་ཕྲུག་ཚོར་བཀའ་སྩལ་སོང་།

བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གིས་དཀའ་ངལ་ལས་སླར་གསོ་བྱེད་ཐབས་སྐོར་ལ་བཀའ་སློབ་སྩལ་སྐབས། ༠༡།༢༢།༢༡ OHHDL

རྒྱ་གར་གྱི་ན་གཞོན་ཚོས་གནའ་བོའི་རིག་གཞུང་ལ་དོ་སྣང་བྱས་པ་ཡིན་ན་འཛམ་གླིང་ནང་སེམས་ཀྱི་ཞི་བདེ་བསྐྲུན་ཐབས་ཀྱི་ཞབས་འདེགས་བསྒྲུབ་ཐུབ་པའི་ནུས་པ་ཡོད་ཅེས་༧གོང་ས་མཆོག་གིས་སློབ་ཕྲུག་ཚོར་བཀའ་སྩལ་སོང་།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ཚེས་༢༢ཉིན་བཞུགས་སྒར་ཕོ་བྲང་ནས་དྲ་ལམ་ཐད་གཏོང་བརྒྱུད། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་དབྱིན་ཇིའི་སློབ་གྲྭ་(The British School)ཞེས་པའི་སློབ་གྲྭ་ནས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར། དཀའ་ངལ་ལ་བཟོད་སྲན་བྱེད་ཐབས་སྐོར་གྱི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་སྐབས། འཛམ་གླིང་འདིའི་ནང་མིས་བཟོས་པའི་དཀའ་ངལ་དང་རང་བྱུང་གི་དཀའ་ངལ་བཅས་དཀའ་ངལ་གཉིས་ཡོད་པའི་ནང་ནས། རང་བྱུང་གི་དཀའ་ངལ་འཕྲད་སྐབས་ཞུམ་པ་མེད་པའི་ཐོག་མིའི་རྣམ་སྤྱོད་བེད་སྤྱོད་བྱས་ནས་གདོང་ལེན་བྱེད་དགོས་པ་བཀའ་གནང་པ་དང་། འོན་ཀྱང་དཀའ་ངལ་མང་ཆེ་བ་ཞིག་མིས་བཟོས་པའི་དཀའ་ངལ་ཡིན་སྟབས། དེ་དག་ནི་ནང་བསམ་བློར་བཅོས་པའི་ཐོག་ནས་སེལ་དགོས་པ་ཡིན་སྟབས། འདིའི་ཐད་རྒྱ་གར་གྱི་གནའ་བོའི་རིག་གཞུང་དཔེར་ན། དཔལ་ནཱ་ལེན་དྲའི་གཞུང་ལུགས་ནང་སེམས་དང་སེམས་མྱོང་སྐོར་ཞིབ་ཕྲ་གསུངས་ཡོད་པ་དེ་དག་ལ་སློབ་སྦྱོང་བྱེད་དགོས་པའི་བཀའ་སློབ་ཕེབས་ཡོད་པ་རེད།
རྒྱ་གར་གྱི་རྒྱལ་ལྡི་ལིར་ཡོད་པའི་དབྱིན་ཇིའི་སློབ་གྲྭ་ཟེར་བ་དེ་ནི་རྩེད་ཕུད་ཀྱི་སློབ་གྲྭ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་ཅིང་། སློབ་གྲྭ་དེའི་ནང་ཁྱོན་རྒྱལ་ཁབ་མི་འདྲ་བ་ ༦༨ ཙམ་ནས་སློབ་ཕྲུག་ ༡༢༠༠ ཙམ་ཡོད་འདུག
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དེང་དུས་རྒྱ་གར་བ་ཚོས་འཛམ་གླིང་ཐོག་ངོམས་སུ་ཆོག་པ་ཡོད་པའི་གནའ་བོའི་རིག་གཞུང་སྟེ་སེམས་ཀྱི་ཞི་བདེ་བསྐྲུན་ཐབས་སྐོར་གྱི་ཤེས་བྱ་དེ་དག་ཤེས་པ་བྱ་རྒྱུ་དང་། དེར་ཉམས་ལེན་བྱེད་པའི་ཐོག་ནས་རིག་གཞུང་དེ་དག་གཅེས་ཉར་བྱེད་དགོས་པ་བཀའ་གནང་ཡོད་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲ་ཐོག་བཀའ་འདྲི་ཞུ་མཁན་གྱི་སློབ་ཕྲུག་དེ་དག་ནི་ལོ་༡༡ ནས་ ༡༤ བར་གྱི་སློབ་ཕྲུག་ཡིན་ཞིང་། སློབ་ཕྲུག་ཚོས། དེང་སྐབས་འཛམ་གླིང་ནང་ཏོག་དབྱིབས་རིམས་ནད་ཁྱབ་གདལ་ཤུགས་ཆེ་འབྱུང་བཞིན་པ་དེས་མིའི་བསམ་བློའི་བདེ་ཐང་དང་འབྲེལ་བའི་སྤྱི་ཚོགས་ཀྱི་དཀའ་ངལ་མང་དག་ཞིག་བཟོས་ཡོད་སྟབས་མ་འོངས་པར་འཛམ་གླིང་འདི་རིོམས་ནད་མ་བྱུང་བའི་སྔོན་གྱི་སྤྱི་ཚོགས་དེར་ཕྱིར་ལོག་བྱེད་ཐུབ་མིན་དང་། ཡང་དཀའ་ངལ་ལ་བཟོད་སྲན་བྱེད་ལུགས། ལོ་ན་ཆུང་བའི་བྱིས་པ་ཚོས་སེམས་ལ་བཟོ་བཅོས་བྱེད་ལུགས། སྙིང་རྗེའི་ཉམས་ལེན་བྱེད་ལུགས་ཇི་དགའ་སོགས་སྐོར་བཀའ་འདྲི་ཞུས་ཤིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མིའི་མི་ཚེའི་ནང་དཀའ་ངལ་འཕྲད་པ་ནི་ཆོས་ཉིད་ཡིན་པ་དང་། གཙོ་བོ་དཀའ་ངལ་འབྱུང་བའི་ཡུལ་ལ་དཔྱད་པ་བྱེད་པ་བརྒྱུད་དཀའ་ངལ་གང་ཞིག་བཟློག་ཏུ་ཡོད་པ་དང་ཡང་གང་ཞིག་བཟློག་ཏུ་མེད་པ་ངོས་བཟུང་རྒྱུ་གལ་ཆེ་ཡིན་པ་བཀའ་གནང་སྟེ། བཟློག་ཏུ་ཡོད་པའི་དཀའ་ངལ་ཁག་ཐབས་ལམ་ལ་རྟེན་ནས་སེལ་ཐུབ་པ་ཡིན་སྟབས་དེར་སྡུག་བསྔལ་བྱེད་དགོས་དོན་མེད་པ་དང་། ཡང་བཟློག་ཏུ་མེད་པའི་དཀའ་ངལ་ཁག་ལ་སེམས་སྡུག་བྱས་པའི་ཕན་ཐོག་མེད་པ་ཤེས་དགོས་པ་བཀའ་གནང་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org