བོད་ཀྱི་འཐབ་རྩོད་འཚེ་མེད་ཞི་བའི་ལམ་ཁོ་ནར་བརྟེན་ནས་གསལ་ཐབས་བྱེད་དགོས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ལ་དྭགས་སུ་སྤྱོད་འཇུག་ཆེན་མོའི་སྒོ་ནས་ཆོས་འབྲེལ་གསུང་ཆོས་གནང་སྐབས་བོད་ཀྱི་དེན་མཐའ་་གསལ་ཆེད་འཚེ་མེད་ཞི་བའི་ལམ་ཁོ་ནར་བརྟེན་དགོས་གལ་ཆེ་བ་དང་། ཧི་མ་ལ་ཡའི་ཁུལ་གྱི་མི་དམངས་ཚོས་ཀྱང་བྱམས་བརྩེ་གོང་མཐོར་གཏོང་རྒྱུར་འབད་བརྩོན་བྱེད་ཚེ་དེས་བོད་བསྟན་སྲིད་སྤྱི་དང་ལྷག་པར་དུ་བོད་ནང་ལ་ཡང་ཤུགས་རྐྱེན་ཡོང་རྒྱུར་ཕན་ཐོགས་ཡོད་པ་བཀའ་གནང་ཡོད་པ་རེད།
- 2022-07-28
-
-
-
ཕྱི་ཟླ་ ༧ ཚེས་ ༢༨ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ལ་དྭགས་པ་གཙོས་པའི་དད་ལྡན་ཆོས་ཞུ་བ་ཡོངས་ལ་ཉིན་གྲངས་གསུམ་རིང་གི་ཆོས་འབྲེལ་གསུང་ཆོས་དབུ་འཛུགས་གནང་ཡོད་པ་དང་། ཕྱི་ཚེས་ ༢༨ དང་ ༢༩ སོ་སོར་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་སྒོ་ནས་ཆོས་འབྲེལ་གསུང་ཆོས་དང་། ཕྱི་ཚེས་ ༣༠ ཉིན་འཕགས་མཆོག་སྤྱན་རས་གཟིགས་ཀྱི་བཀའ་དབང་སྩོལ་གནང་མཛད་ཐོག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་ཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་པ་རེད།
ཕྱི་ཚེས་ ༢༨ ཉིན་གསུང་ཆོས་ཞུ་བར་ཆོས་ཞུ་བ་བཞི་ཁྲི་ལྔ་སྟོང་ཙམ་བཅར་ཡོད་པའི་ཚོད་དཔག་བྱེད་བཞིན་འདུག་ལ། ཆོས་ཞུ་བ་མང་པོ་ཞིག་སྔ་དྲོའི་ཚོུད་ ༤ ཙམ་ནས་གསུང་ཆོས་རྭ་བའི་ནང་འཛུལ་རྒྱུའི་ཆེད་སླེབས་ཡོད་འདུག དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་དྲ་རྒྱའི་ཐོག་སྐད་ཡིག་མི་འདྲ་བ་བཅུ་དྲུག་གི་ནང་ཐད་གཏོང་ཞུས་འདུག
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་བརྩེ་ཆེན་པོས་བོད་དང་ལ་དྭགས་གཉིས་ས་འབྲེལ་ཡིན་པར་མ་ཟད། སྐད་ཡིག་དང་རིག་གཞུང་ཡང་གཅིག་པ་ཡིན་སྟབས། ལ་དྭགས་པ་ཚོས་བོད་ཡིག་ལ་དོ་སྣང་བྱེད་དགོས་པ་དང་། ལྷག་པར་དུ་སྐྱ་སེར་གཉིས་ཀས་ཚད་མ་རིག་པ་གཞི་ལ་བཞག་པའི་ནང་ཆོས་ལ་སློབ་གཉེར་བྱེད་དགོས་པའི་བཀའ་སློབ་ཕེབས་ཡོད་པ་རེད།
ཕྱི་ཚེས་ ༢༨ ཉིན་སྤྱོད་འཇུག་ཆེན་མོའི་ལེའུ་དང་པོའི་བཤད་ལུང་བསྩལ་ཞིང་། ཚོུད་གཅིག་ལྷག་རིང་གི་གསུང་ཆོས་སྐབས་གཙོ་བོ་བྱམས་སྙིང་རྗེ་དང་གཞན་ཕན་གྱི་བསམ་བློ་འཕེལ་ཐབས་བྱེད་དགོས་གལ་ཆེ་བའི་སྐོར་བཀའ་སློབ་གནང་ཞིང་། དེང་སྐབས་འཛམ་གླིང་ཞི་བདེ་དགོས་ལུགས་མང་པོས་བརྗོད་བཞིན་ཡོད་ཀྱང་། དུས་རབས་ཉི་ཤུ་རྩ་གཅིག་པ་འདིའི་ནང་དམག་འཐབ་ཀྱི་ཆེད་གཏོར་བཤིག་ངན་ཚབས་ཆེ་བའི་གོ་མཚོན་བཟོ་རྒྱུར་འབད་བརྩོན་ཧ་ཅང་ཆེན་པོ་བྱེད་བཞིན་པ་དེས་འཛམ་གླིང་ཞི་བདེ་འབྱུང་ཐབས་མེད་ལ། འཛམ་གླིང་ཞི་བདེ་ངོ་མ་ནི་ནང་སེམས་རྒྱུད་འདུལ་ཞིང་། བྱམས་བརྩེ་དང་གཞན་ཕན་གྱི་བསམ་བློ་ཁོ་ནའི་ཐོག་ནས་འབྱུང་ཐུབ་རྒྱུ་ཡིན་པ་བཀའ་གནང་ཡོད་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བྱམས་བརྩེ་ངོ་མ་ནི་འགྲོ་བ་མི་དུང་ཕྱུར་བདུན་བཅུ་ཡོད་པ་དེ་དག་གཅིག་འགྱུར་གྱི་འདུ་ཤེས་ཐོག་ནས་ཡོང་དགོས་པ་དང་། བྱམས་བརྩེ་དང་གཞན་ཕན་གྱི་བསམ་བློས་མིར་སྙིང་སྟོབས་འབྱིན་གྱི་ཡོད་པ་བཀའ་གནང་ཡོད་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་ ༧ ཚེས་ ༡༥ ཉིན་ལ་དྭགས་སུ་ཞབས་སོར་འཁོད་གནང་མཛད་ཅིང་། ད་རེས་ཀྱི་གསུང་ཆོས་གོ་སྒྲིག་ཞུ་མཁན་གཙོ་བོ་ནི་ལ་དྭགས་ནང་པ་ཚོགས་པ་དང་དགོན་ཚོགས་གཉིས་ཡིན་ཞིང་། དེའི་ཐོག་ལ་དྭགས་ཨ་མ་ཚོགས་པ་དང་ནང་པའི་གཞོན་ནུ་ཚོགས་པ་ལ་སོགས་པ་ཚོགས་པ་མང་པོས་ཞོགས་འདེགས་ཞུ་བཞིན་ཡོད་པ་རེད།
གསར་འགོད་པ། འཕྲིན་ལས་ཆོས་སྒྲོན།
རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲིས