༸གོང་ས་མཆོག་ནས་སྐུའི་ཡང་སྲིད་ཐད་བཀའ་སློབ་བསྩལ་བ།

༸གོང་ས་མཆོག་ནས་བོད་ལུགས་ནང་པའི་ཆོས་བརྒྱུད་ཁག་གི་ཚོགས་ཆེན་ཐོག་སྐུའི་ཡང་སྲིད་སྐོར་བཀའ་སློབ་བསྩལ་གནང་མཛད་ཡོད་པ།

༄༅༎དེ་རིང་རེས་གཟའ་པ་སངས་ཉིན་སྤྱི་ནོར༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། བཞུགས་སྒར་དུ་རྒྱལ་བ་རིན་པོ་ཆེའི་ཡང་སྲིད་འཁྲུངས་ཕྱོགས་སྐོར་ལ་ད་ལྟ་ཐག་གཅོད་བྱ་རྒྱུའི་དུས་ལ་འབབ་མེད་པའི་བཀའ་གནང་ཡོད་ཀྱང༌། ཡང་སྲིད་རྒྱ་ནག་ནང་འཁྲུངས་རྒྱུ་མིན་པ་བསྐྱར་དུ་བཀའ་ནན་པོ་གནང་ཡོད་པ་རེད།
དེ་ཡང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། བཞུགས་སྒར་དུ་ཚོགས་པའི་བོད་ཀྱི་ཆོས་རྒྱུད་ཆེན་པོ་བཞི་དང་གཡུ་དྲུང་བོན་བཅས་པའི་བླ་ཆེན་ཁག་གི་ལྷན་ཚོགས་ཐོག་ཆིབས་བསྒྱུར་གྱིས། རྒྱལ་བའི་ཡང་སྲིད་ཐུགས་ཐག་གཅོད་རྒྱུར་རྒྱལ་བ་རིན་པོ་ཆེར་སྐུ་དབང་དང་ཐོབ་ཐང་ཡོད་པ་བཀའ་གསལ་པོ་གནང་བ་དང༌། ད་ལྟ་ནི་རྒྱལ་བ་རིན་པོ་ཆེ་སྐུ་ཁམས་ཧ་ཅང་གི་གསལ་ཐང་ངང་བཞུགས་ཡོད་པས། རྒྱལ་བ་རིན་པོ་ཆེ་དགུང་གྲངས་༨༠ རྒྱ་གྲངས་སམ་ཡང་ན་དགུ་བཅུ་གོ་གྲངས་དུ་ཕེབས་སྐབས། སྐུའི་ཡང་སྲིད་ཀྱི་སྐོར་ལ་བཀའ་གནང་རྒྱུ་ལས། ད་ལྟ་བྲེལ་བ་མེད་པའི་བཀའ་ཕེབས་ཡོད་པ་རེད།
གནས་ཚུལ་དབྱེ་ཞིབ་པ་མང་པོ་ཞིག་གིས། མ་འོངས་པར་རྒྱལ་བ་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་ཐད་ལ། རྒྱ་ནག་གཞུང་གིས་བསྐོ་བཞག་ཞིག་བྱ་རྒྱུ་དང༌། ཡང་ཕྱོགས་གཅིག་ལ་རྒྱལ་བ་རིན་པོ་ཆེའི་བཀའ་དགོངས་འོག་བཙན་བྱོལ་དུ་རྒྱལ་བའི་ཡང་སྲིད་ངོས་འཛིན་བྱས་ཏེ། རྒྱལ་བའི་ཡང་སྲིད་གཉིས་ཡོང་རྒྱུ་ཡིན་པ་ཚོད་དཔགས་བྱེད་ཀྱི་ཡོད་ཅིང༌། དེ་ནི་ད་ལྟའི་དངོས་ཡོད་གནས་སྟངས་ནི། ཕྱི་ལོ་༡༩༩༥ ལོར་པེན་ཆེན་རིན་པོ་ཆེའི་ཡང་སྲིད་ཐོག་བྱུང་ཡོད་ཅིང༌། རྒྱ་ནག་གཞུང་གིས་པེན་ཆེན་རིན་པོ་ཆེའི་ཡང་སྲིད་དུ་རྒྱལ་མཚན་ནོར་བུ་བསྐོ་བཞག་བྱས་པ་དང་ད་ལྟ་དགུང་ལོ་༢༡ ཡིན་པ་དང༌། རྒྱལ་བ་རིན་པོ་ཆེས་ངོས་འཛིན་གནང་བའི་པེན་ཆེན་རིན་པོ་ཆེའི་ཡང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གཞུང་གིས་ངོས་ལེན་མ་བྱས་པ་མ་ཟད། དུས་དེ་ནས་བཟུང་མཐོང་རྒྱུ་མེད་པ་བཟོས་ཡོད་པའི་གནས་སྟངས་ལུང་འདྲེན་གནང་གི་ཡོད་པ་རེད།།


2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org