༧གོང་ས་མཆོག་གིས་རྒྱ་གར་ནང་གི་མཛད་འཕྲིན་ཁག་ལེགས་གྲུབ་བྱུང་བ།
༧གོང་ས་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་སྡེ་ར་ལྡུན་སོགས་ཀྱི་མཛད་འཕྲིན་ཁག་ལེགས་འགྲུབ་ཀྱིས་ཕྱིར་བཞུགས་སྒར་ལ་ཕེབས་པ།
-
2016-04-11 -
-
-
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་མོ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་། སྡེ་ར་ལྡུན་ཁུལ་གྱི་མཛད་འཕྲིན་ཁག་ལེགས་པར་སྒྲུབ་རྗེས་དེ་རིང་ཚེས༡༡་རེས་གཟའ་ཟླ་བའི་ཉིན་མཁའ་ལམ་བརྒྱུད་ཕྱིར་བཞུགས་སྒར་དུ་ཆིབས་བསྒྱུར་བསྐྱང་གནང་ཡོད་པ་རེད།
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཁ་སྔོན་ཕྱི་ཚེས་༦་ནས་ཕྱི་ཚེས་༡༠་ཉིན་གྲངས་ལྔའི་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་། སྡེ་ར་ལྡུན་མངའ་ཁུལ་དུ་ཆིབས་བསྒྱུར་བསྐྱངས་གནང་ཡོད་པ་ནས་ཕྱི་ཚེས་༦་ཉིན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྡེར་ར་ལྡུན་གྱི་ཉེ་འགྲམ་དུ་ཡོད་པའི་ཝ་ན་མཚམས་ཁང་དུ་ཞབས་སོར་འཁོད་གནང་སྟེ་དེར་འདུས་མང་ཚོགས་བཀའ་སློབ་བཀྲིན་སྩལ་གནང་ཡོད་པ་རེད། དེ་རྗེས་རིམ་བཞིན་རྒྱལ་ས་ལྡི་ལིའི་ནང་ཆིབས་བསྒྱུར་བསྐྱངས་གནང་སྟེ་སྐབས་དེར་ལྡི་ལིའི་ནང་ཡོད་པའི་ཨ་མི་རི་ཀའི་གཞུང་ཚབ་ཀྱི་སློབ་གྲར་ཆིབས་བསྒྱུར་བསྐྱང་གནང་ཡོད་པ་མ་ཟད། ལྡི་ལིའི་འཛིན་རིམ་བཅིུས་པའི་སློབ་གྲ་Springdales་ཞེས་པའི་ནང་ཆིབས་བསྒྱུར་གྱིས་དེར་འདུས་དགེ་རྒན་དང་། སློབ་ཕྲུག ཕ་མ། ལས་བྱེད་བཅས་པ་མི་གྲངས་ཆིག་སྟོང་ལྷག་ཙམ་ལ་རྒྱ་གར་གྱི་གཞོན་སྐྱེས་ཚོས་རྒྱ་གར་གྱི་རིག་གཞུང་བཟང་པོ་དེར་སྨོན་ལམ་རྒྱབ་པ་ཁོ་ན་མ་ཡིན་པར་ནུས་པ་ཐོན་པའི་ལག་བསྟར་བྱ་དགོས་སྐོར་སོགས་བཀའ་སློབ་བཀྲིན་སྩལ་གནང་ཡོད་པ་རེད།
དེ་རྗེས་༧གོང་ས་མཆོག་རྒྱལ་ས་ལྡི་ལིའི་ནང་ཡོད་པའི་འཕྲུལ་རིག་སློབ་གྲ་ལ་སོགས་པའི་ས་གནས་ཁག་ཅིག་ནང་བཟང་སྤྱོད་དང་། བདེ་སྐྱིད་སྐོར་བཀའ་སློབ་བཀྲིན་བསྐྱངས་གནང་ཡོད་པ་མ་ཟད། དེ་བཞིན་བྱམས་བརྩེ་དང་། གོ་ལ་སྤྱི་ཡོངས་སུ་འགན་འཁུར་ལེན་དགོས་པ་སོགས་ཀྱི་བཀའ་སློབ་རིམ་པ་གནང་ཡོད་པ་རེད། དེ་བཞིན་རྒྱལ་ས་ལྡི་ལིའི་ནང་བརྙན་འཕྲིན་དང་། རླུང་འཕྲིན་ཁག་གི་བཅའ་འདྲིར་དང་ལེན་གནང་ཡོད་པ་དང་། ལྷག་པར་དུ་༧གོང་ས་མཆོག་ལྡི་ལིའི་ནང་བཞུགས་རྒྱུན་ཉིན་མཐའ་མའི་སྐབས་རྒྱལ་ས་ལྡི་ལིའི་ནང་དཔར་པ་གྲགས་ཅན་སྐུ་ཞབས་Vijay Kranti་ཡིས་གོ་བསྒྲིགས་གནང་བའི་༼ཐུགས་རྗེ་ཆེ་༧གོང་ས་ཏཱ་ལའི་བླ་མ༽ ཞེས་པའི་དཔར་གྱི་འགྲེམས་སྟོན་ཞིག་ཐོག་ཆིབས་བསྒྱུར་བསྐྱངས་གནང་ཡོད་པ་དང་། སྐབས་དེར་དཔར་པ་དང་། གསར་འགོད་པ། དེ་བཞིན་མི་ལོ་བཞི་བཅུ་ཙམ་ཕྱིན་པའི་༧གོང་ས་མཆོག་གི་གྲོགས་པོ་རྙིང་པ་མང་པོ་ཞིག་ལ་མཇལ་འཕྲད་གནང་ཡོད་པ་རེད།
གསར་འགོད་པ་དབྱངས་སྒྲོལ།