རྒྱ་ནག་གཞུང་གིས་མགོ་ལོག་ཁུལ་གྱི་དགོན་སྡེ་ཁག་ཏུ་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་དེ་རྒྱ་ནག་གཞུང་གི་ཐག་གཅོད་ལ་ངོས་ལེན་དགོས་པའི་དྲིལ་བསྒྲགས་ཚོགས་འདུ་ཚོགས་བཞིན་ཡོད་འདུག

རྒྱ་ནག་གཞུང་གིས་བོད་ནང་གྲྭ་བཙུན་ཚོས་རྒྱ་ནག་གཞུང་གི་བོད་བརྒྱུད་ནང་བསྟན་གྱི་ཡང་སྲིད་ཐག་གཅོད་ལ་ངོས་ལེན་དགོས་པའི་གཏམ་བཤད་སྤེལ་ཡོད་པ།

རྒྱ་ནག་གཞུང་གིས་མགོ་ལོག་ཁུལ་གྱི་དགོན་སྡེ་ཞིག་ཏུ་ཡང་སྲིད་སྐོར་གྱི་ཚོགས་འདུ་ཚོགས་བཞིན་པའི་རྣམ་པ། ཕྱི་ཟླ་༧ནང་། བོད་འབྱོར།

འདི་ལོའི་ཕྱི་ཟླ་༧ནང་རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་གྱི་མངའ་ཁོངས་དགོན་སྡེ་ཁག་ནང་། མགོ་ལོག་ཁུལ་གྱི་ཕྱི་ལོ་༢༠༢༣ལོའི་བོད་བརྒྱུད་ནང་བསྟན་གྱི་སྤྲུའི་སྐུའི་ཡང་སྲིད་ངོས་འཛིན་གྱི་ཆེད་དོན་འགྲེམ་སྟོན་ཞེས། ཡུལ་དེའི་དགོན་སྡེ་ཁག་གི་གྲྭ་བཙུན་ཚོ་ཆེད་འགུག་གིས་བོད་བརྒྱུད་ནང་བསྟན་གྱི་ཡང་སྲིད་ཐག་གཅོད་ཀྱི་ལམ་ལུགས་དེ་རྒྱ་ནག་གཞུང་ལ་ཡོད་པ་དང་། གྲྭ་བཙུན་ཚོས་རྒྱ་ནག་གཞུང་གི་ཐག་གཅོད་ལ་ངོས་ལེན་དགོས་པའི་གཏམ་བཤད་སྤེལ་ཡོད་པ། བོད་ནང་གི་འབྲེལ་ཡོད་བོད་མི་གཉིས་ནས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

གོང་ཞུས་བོད་ནང་གི་འབྲེལ་ཡོད་བོད་མི་གཅིག་ནས་མུ་མཐུད་བརྗོད་དོན་ལ། བོད་བརྒྱུད་ནང་བསྟན་གྱི་ཡང་སྲིད་ངོས་འཛིན་གྱི་ཆེད་དོན་འགྲེམ་སྤེལ་ཚོགས་ཟེར་བ་དེའི་སྟེང་། ལོ་རྒྱུས་སྟེང་ལ་༸གོང་ས་མཆོག་དང་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་རྒྱ་ནག་གཞུང་གིས་བྱས་སྐོར་དང་། རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་བདག་སྐྱོང་བྱེད་ཐབས་ཞེས་པའི་ཡིག་ཆ་འགྲེལ་བཤད་དང་། རྒྱ་ནག་གཞུང་གིས་དེ་སྔ་ནས་བོད་ཀྱི་ཡང་སྲིད་ལམ་ལུགས་ལ་མཐོང་ཆེན་བྱས་ཡོད་པས། མ་འོངས་པར་མུ་མཐུད་ཡང་སྲིད་ཐག་གཅོད་ལ་རྒྱ་ནག་གི་ཁྲིམས་གཞིར་བཟུང་ཐག་གཅོད་བྱས་རིགས་ལ། གྲྭ་བཙུན་ཚོ་དང་ཕྱི་ཕྱོགས་མི་སྣ་སུ་གཅིག་གིས་ཐེ་བྱུས་བྱེད་མི་ཆོག་པ་སོགས་བསྒྲགས་ཡོད་པ་འགྲེལ་བརྗོད་གནང་བྱུང་།

རྒྱ་ནག་ཆོས་ལུགས་ལས་དོན་ཁང་ཟེར་བས་ཕྱི་ལོ་༢༠༠༧ལོར་གཏན་འབེབས་བྱས་པའི་བླ་སྤྲུལ་གྱི་ཡང་སྲིད་དོ་དམ་བྱེད་ཐབས་ཞེས་པའི་དོན་ཚན་༡༤ཡོད་པའི་ཡིག་ཆ་དེའི་ནང་། བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ངོས་འཛིན་བྱེད་པར་རྒྱ་ནག་གཞུང་ལ་ཆོག་མཆན་ཞུ་དགོས་པ་དང་། ཚོགས་པའམ་ཡང་ན་མི་སྒེར་སུ་ཞིག་ཡིན་རུང་བླ་སྤྲུལ་གྱི་ཡང་སྲིད་ཁྱེའུ་བཙལ་འཚོལ་དང་ངོས་འཛིན་གྱི་འབྲེལ་ཡོད་བྱེད་སྒོ་རང་དགར་སྤེལ་མི་ཆོག་སྐོར་སོགས་བཀོད་ཡོད་པ་དང་། སི་པན་དུ་གནས་སྡོད་བོད་རྒྱའི་གནད་དོན་དབྱེ་ཞིབ་པ་སངས་རྒྱས་སྐྱབས་ལགས་ནས། རྒྱ་ནག་གཞུང་གིས་ཉེ་བའི་ལོ་ཤས་ནས་བཟུང་བོད་ས་ཡོངས་ཀྱི་དགོན་སྡེ་ཁག་ཏུ་བླ་སྤྲུལ་ཡང་སྲིད་ཀྱི་དྲིལ་བསྒྲགས་ཤུགས་ཆེ་རུ་བཏང་ཡོད་པ་དང་། གནད་དོན་དེའི་དམིགས་ཡུལ་གཙོ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་སྐོར་ལ་གྲ་སྒྲིག་བྱེད་བཞིན་པ་མངོན་གསལ་ཡིན་པ་འགྲེལ་བརྗོད་གནང་བྱུང་།

ཐེངས་འདིར་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་སྐོར་གྱི་ཚོགས་འདུ་དེ་མགོ་ལོག་ཁུལ་ཡོངས་ཀྱི་དགོན་སྡེ་ཁག་ཚང་མའི་ནང་སྤེལ་ཡོད་པ་དང་། ཚོགས་འདུ་དེ་དག་དང་འབྲེལ་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་དགོས་པའི་དྲིལ་བསྒྲགས་སོགས་བྱས་ཡོད་པ་དང་། ཡང་སངས་རྒྱས་སྐྱབས་ལགས་ནས་མུ་མཐུད་རྒྱ་ནག་གཞུང་གིས་དེ་སྔ་བོད་བརྒྱུད་ནང་བསྟན་གྱི་ཡང་སྲིད་ཐོག་གཅོད་དེ་མན་ཇུའི་སྐབས་ནས་རྒྱ་ནག་ལ་ཡོད་པའི་ཡིག་ཆ་རྫུན་བསྒྲགས་བྱེད་བཞིན་ཡོད་ཀྱང་། ད་ལྟའི་ཆར་རྒྱལ་སྤྱིའི་སྟེང་དྲིལ་བསྒྲགས་དེ་དག་ལ་ཁུངས་ལུང་གང་ཡང་མེད་པ་དང་། སྒྲིག་ཡིག་དོན་ཚན་༢༩ཟེར་བ་དེ་རྒྱ་ནག་དམར་ཤོག་ཚོགས་པས་ཕྱི་ལོ་༡༩༤༩རྗེས་སུ་རྫུན་བཟོ་བྱས་པའི་རྐུབ་བརྟོལ་ཡོད་པ་འགྲེལ་བརྗོད་གནང་བྱུང་།

འདས་པའི་ལོ་ཤས་ནས་བཟུང་རྒྱ་ནག་གཞུང་གིས་མངོན་ལྐོག་གཉིས་ནས་༸གོང་ས་མཆོག་གི་ཡང་སྲིད་ཐག་གཅོད་རྒྱ་ནག་གཞུང་ལ་ཡོད་པའི་ལོ་རྒྱུས་འཁྱོག་བཤད་བྱེད་བཞིན་པ་དང་འབྲེལ། བོད་མིའི་སྒྲིག་འཛུགས་གཙོས་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་རྒྱ་ནག་གཞུང་གི་བྱེད་སྟངས་ལ་རྒོལ་ལན་དང་ངོ་རྒོལ་ཤུགས་བྱས་ཡོད་པ་རེད་ལ། ཕྱི་ལོ་༢༠༡༡་ལོར་༸གོང་ས་མཆོག་སྐབས་མགོན་ཆེན་པོ་མཆོག་སྐུ་དངོས་ནས་མ་འོངས་པར་ངོས་ཀྱི་ཡང་སྲིད་དེ་ཚུལ་མཐུན་རྩད་གཅོད་ངོས་འཛིན་བྱུང་བའི་ཡང་སྤྲུལ་ཞིག་ལས་གཞན་དུ། སྲིད་དོན་གྱི་དགོས་མཁོ་ལ་བརྟེན་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་སྲིད་དབང་འཛིན་པས་མཚོན། སྲིད་དབང་འཛིན་པ་སུ་ཞིག་གིས་ཡང་སྤྲུལ་འདེམས་སྒྲུག་བྱས་པ་བྱུང་ཚེ་དེ་ལ་སུས་ཀྱང་རྒྱལ་བའི་ཡང་སྤྲུལ་དུ་ངོས་འཛིན་དང་དད་མོས་བྱེད་མི་དགོས་པ་ཡིད་འཇགས་དགོས་ཞེས་བཀའ་སྩལ་གནང་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org