བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གི་སྙུན་གཞི་དྭངས་སྐྱེད་ཕེབས་ཀྱི་འདུག

བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྙུན་གཞི་དྭངས་སྐྱེད་ཕེབས་ཀྱི་ཡོད་པ་དང་ཉིན་ཤས་སྨན་ཁང་དུ་བཞུགས་རྒྱུ་ཡིན་འདུག

བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གཙུག་ལག་ཁང་དུ། ༢༠༡༧ AP

བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྙུན་གཞི་དྭངས་སྐྱེད་ཕེབས་ཀྱི་ཡོད་པ་དང་ཉིན་ཤས་སྨན་ཁང་དུ་བཞུགས་རྒྱུ་ཡིན་འདུག
དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་འདི་ཚེས་༩ཉིན་མགུལ་ཆམ་ལ་བརྟེན་ནས་སྐུ་ཚ་འཕར་བ་སོགས་སྐུ་ཁམས་མི་བདེ་བ་གནང་ཡོད་སྟབས་བཞུགས་སྒར་ནས་མཁལ་ལམ་བརྒྱུད་ལྡི་ལིའི་(MAX)སྨན་ཁང་དུ་སྐུ་གཟུགས་བརྟག་དཔྱད་གནང་བར་ཕེབས་དགོས་བྱུང་ཡོད།
འདི་ཚེས་༡༠་གཟའ་ལྷག་པའི་ཉིན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་ཆོས་སྐྱབས་པ་ཚེ་བརྟན་བསམ་གྲུབ་ལགས་ཀྱིས་རིའུ་ཀྲར་གསར་ལས་ཁང་གི་བཅར་འདྲིའི་སྐབས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཁམས་ཕྲན་བུའི་བདེ་མིན་གྱིས་སྨན་ཁང་དུ་བརྟག་དཔྱད་གནང་བར་ཕེབས་དགོས་བྱུང་ཡོད་ཀྱང་ད་ལྟའི་ཆར་སྙུན་གཞི་དྭངས་སྐྱེད་འགྲོ་བཞིན་ཡོད་ལུགས་གསུངས་པ་དང་ཆབས་ཅིག་ཉིན་ཤས་རིང་སྐུ་ངལ་གསོ་རྒྱུ་དང་བརྟག་དཔྱད་མུ་མཐུད་གནང་རྒྱུའི་ཆེད་སྨན་ཁང་དུ་བཞུགས་རྒྱུ་ཡིན་ལུགས་གསུངས་འདུག དེ་བཞིན་ཚེས་༩་ཉིན་སྐུའི་ཕྱིའི་ལུགས་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་ནས། སྐུ་མདུན་སྐུ་ཚ་རྒྱས་པ་དང་མགུལ་ཆམ་བཞེས་པའི་རྐྱེན་གྱིས་གཉན་ཁ་ཡོད་མེད་བརྟག་དཔྱད་སླད་ལྡི་ལིར་ཆིབས་སྒྱུར་གནང་ཏེ་སྔ་དྲོར་སྨན་ཁང་དུ་བརྟག་དཔྱད་ཚང་མ་ལེགས་གྲུབ་བྱུང་སྟེ་སྐུ་བྲང་ལ་གཉན་ཚད་འཕར་བ་ལྟ་བུ་ཞིག་ལས་དམིགས་བསལ་སེམས་འཚབ་གནང་དགོས་པ་གང་ཡང་མི་འདུག་ཅེས་གསུངས་ཡོད།
ད་ཆ་རྒྱལ་སྤྱིའི་སྙན་གྲགས་ཆེ་བའི་(CNN)དང་(BBC)གཙོ་བོར་གྱུར་བའི་གསར་འགྱུར་བརྒྱུད་ལམ་དང་སྤྱི་ཚོགས་དྲ་ལམ་བརྒྱུད་༧གོང་ས་མཆོག་གི་སྐུ་ཁམས་སྐོར་གནས་ཚུལ་ཐོན་ཡོད་སྟབས། མི་ཚང་མ་བློ་འཚབ་སྐྱེས་ཏེ་༧གོང་ས་མཆོག་གང་མགྱོགས་དྭངས་སྐྱེད་ཡོང་བའི་སྨོན་འདུན་ཞུས་ཡོད་པ་རེད། ལྷག་པར་དུ་རྒྱ་གར་གྱི་ཨོ་རི་ས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་(Naveen Patnaik)མཆོག་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་སྨན་ཁང་ནང་ཡོད་པ་ཤེས་རྟོགས་བྱུང་བས་ཧ་ཅང་བློ་འཚབ་བྱུང་། ཁོང་ལྟ་བུའི་སྐྱེས་བུ་ནི་འཛམ་གླིང་འདིའི་ནང་ད་ལྟའི་དུས་ཚོད་འདིར་དགོས་ངེས་ཆེན་པོ་ཞིག་ཡིན་སྟབས། གང་མགྱོགས་དྭངས་སྐྱེད་ཡོང་བའི་སྨོན་ལམ་ཡོད་ཅེས་སྤྱི་ཚོགས་དྲ་ལམ་བརྒྱུད་གསུངས་ཡོད་པ་རེད།
ཡང་རིའུ་ཀྲར་གསར་འགྱུར་ལས་ཁང་ནས་པེ་ཅིང་ནང་དེ་རིང་ཆར་ཅན་གསར་འགོད་ལྷན་ཚོགས་ཐོག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ལུའུ་ཁང་ལ་བསམ་ཚུལ་འདྲི་བ་བཏང་བའི་སྐབས། ༧གོང་ས་ཏཱ་ལའི་བླ་མའི་གཟུགས་པོའི་གནས་སྟངས་སྐོར་ང་ཚོས་གང་ཡང་ཤེས་རྟོགས་མེད་བཤད་པ་ཆབས་ཅིག་ཏཱ་ལའི་བླ་མའི་ཡང་སྲིད་རྒྱ་ནག་གཞུང་གི་སྒྲིག་དང་ཁྲིམས། ཆོས་ལུགས་ཀྱི་བྱ་སྒོའི་ཐོག་ནས་ངོས་འཛིན་བྱེད་དགོས་ཀྱི་རེད་ཅེས་ལན་བརྒྱབས་ཡོད་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org