ཐོའུ་ཝའི་ནང་༧གོང་ས་མཆོག་གི་མཛད་འཕྲིན་སྐུ་པར་འགྲེམས་སྟོན་གནང་འདུག

ཐོའུ་ཝ་(TuVa)་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སར་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གི་མཛད་འཕྲིན་སྐུ་པར་འགྲེམས་སྟོན་གནང་འདུག

༧གོང་ས་མཆོག་གི་མཛད་འཕྲིན་སྐུ་པར་འགྲེམས་སྟོན་ཞིག་གི་སྐབས། TChoejor

ཐོའུ་ཝ་(TuVa)་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་(Kyzyl)་ལ་སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཇི་སྲིད་ནམ་མཁའ་གནས་གྱུར་པ་ཞེས་པའི་སྐུ་པར་འགྲེམས་སྟོན་ཐེངས་གཉིས་གནང་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ས་གནས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་མཐུན་འགྱུར་དང་འབད་བརྩོན་འོག ༧གོང་ས་རྒྱལ་བ་རིན་པོ་ཆེན་མཆོག་གི་ཞི་བདེའི་ལམ་སྟོན་དང་རེ་བའི་བརྡ་ལན་ཡུལ་དེའི་ཐག་རིང་གི་ས་ཆར་(Bai-Taiga, Barun-Khemchik, Sut-Khol, Dzun-Khemchik, Chaa-Khol, Ulug-Khem)་དང་། དེ་མིན་གྱི་ས་ཁུལ་གཞན་ཁག་དུ་ཡང་འགྲེམས་སྟོན་གནང་ཡོད་པ་རེད་།
འགྲེམས་སྟོན་གྱི་པར་རིས་ཁག་ནི་༧གོང་ས་མཆོག་དང་འཛམ་གླིང་ས་ཕྱོགས་གང་སར་ཆིབས་ཞབས་སུ་ཡོད་པའི་སྐུ་སྒེར་གྱི་པར་པ་བསྟན་འཛིན་ཆོས་འབྱོར་ལགས་དང་། ཨུ་རུ་སུ་མོ་སི་ཁོར་གནས་སྡོད་པར་པ་དང་བོད་ཀྱི་ཐེབས་རྩ་ཁང་གི་འགན་འཛིན་(Igor Yachoglov) ཁོང་གིས་གཉིས་ཀྱིས་པར་བཏབ་པའི་༧གོང་ས་མཆོག་གི་པར་རིས་ཁག་གཅིག་ཡིན་འདུག
འགྲེམས་སྟོན་ནང་ཡོད་པའི་༧གོང་ས་མཆོག་གི་སྐུ་པར་རེ་རེའི་སྟེང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ལེགས་བཤད་དང་དཔེ་དེབ་ཁག་ནས་བཏོན་པའི་གསུངས་ཚིག་རེ་ཨུ་རུ་སུ་དང་(Tavan)་སྐད་ཐོག་བསྒྱུར་ནས་འཁོད་ཡོད་པ་རེད།
ས་ཁུལ་དེ་དག་གི་ས་གནས་ཀྱི་སློབ་གྲྭའི་དགེ་རྒན་དང་དཔེ་མཛོད་དོ་དམ་པ། དེ་བཞིན་སྤྱི་ཚོགས་ཞབས་ཞུ་བ་སོགས་ཀྱིས་༧གོང་ས་མཆོག་གི་འཛམ་གླིང་ཀུན་ཁྱབ་ཀྱི་འགན་འཁུར་དང་། ནང་བསམ་བློའི་རིན་ཐང་གི་ལྟ་གྲུབ་དེ་དག་གཙོ་བོ་ཞིག་ཡིན་པ་ན་གཞོན་ཚོར་འགྲེལ་བརྗོད་དང་བརྒྱུད་བསྒྲགས་ཀྱི་སྡིངས་ཆ་བཟང་པོ་ཞིག་ཡོང་གི་ཡོད་པ་རེད། དེ་ཡང་༧གོང་ས་མཆོག་གི་པར་རིས་འགྲེམས་བསྟོན་དེ་བཞིན་ཨུ་རུ་སུ་བོད་ཀྱི་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་དང་མོ་སི་ཁོ་བོད་ཁང་བཅས་ནས་རྒྱབ་སྐྱོར་འོག་གནང་ཐུབ་པ་བྱུང་བ་ཞིག་དང་། གོ་སྒྲིག་མཁན་གྱིས། ༧གོང་ས་མཆོག་གི་བྱམས་བརྩེའི་གནད་འགག་དང་། བཟོད་སེམས། ནང་སེམས་ཀྱི་ཞི་བདེ་སོགས་གྱི་ཐོག་གཏིང་ཟབ་པའི་ལམ་སྟོན་དེ་དག་གིས་ན་གཞོན་ཚོའི་མི་ཚེའི་ལམ་བུ་ཁ་ཕྱོགས་མི་ནོར་བ་ཞིག་ལ་བསྐྱོད་ཐུབ་པ་རོགས་ཕན་ཆེན་པོ་ཡོང་རྒྱུ་ཡིན་པ་བརྗོད་འདུག

གསར་འགོད་པ་རྡོ་རྗེ་དགྲ་འདུལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org