ཚོང་ཁང་ནང་༧གོང་ས་མཆོག་གི་སྐུ་པར་བཤམ་མི་ཆོག

རྒྱ་ནག་གི་འབྲེལ་ཡོད་ཚན་པས་བྲག་མགོར་༧གོང་ས་མཆོག་གི་སྐུ་པར་བཀག་བསྡོམས་རྩིས་ལེན་བྱེད་རྒྱུའི་བརྡ་ཐོ་བཏང་འདུག

རྒྱ་ནག་གི་འབྲེལ་ཡོད་ཚན་པས་བྲག་མགོ་རྫོང་གི་ཚོང་ཁང་ཁག་ལ་སྤེལ་བའི་བརྡ་ཐོ། ༢༠༡༦།༡ བོད་འབྱོར།

རྒྱ་ནག་གི་འབྲེལ་ཡོད་ཚན་པས་བྲག་མགོར་༧གོང་ས་མཆོག་གི་སྐུ་པར་བཀག་བསྡོམས་རྩིས་ལེན་བྱེད་རྒྱུའི་བརྡ་ཐོ་བཏང་འདུག
དེ་ཡང་སྤྱི་ལོ་༢༠༡༦ལོའི་ཟླ་༡་ཚེས་༣༡ཉིན། བྲག་མགོ་རྫོང་རིག་གནས་ཡུལ་སྐོར་ལས་ཁུངས་དང་། བྲག་མགོ་རྫོང་སྤྱི་བདེ་ལས་ཁུངས། དེ་བཞིན་རྫོང་མི་རིགས་ཆོས་དོན་ལས་ཁུངས་བཅས་ཀྱིས་མཉམ་དུ་བརྡ་ཐོ་ཞིག་སྤེལ་བའི་ནང་། རྫོང་ཡོངས་ཀྱི་ཚོང་ཁང་ཆེ་ཆུང་ཚང་མས། འབྲེལ་ཡོད་ཀྱི་རྩ་ཁྲིམས་དང་ཆོས་ལུགས་དོ་དམ་ལས་དོན་གྱི་འབྲེལ་ཡོད་བླང་བྱ་གཞིར་བཟུང་། ཏཱ་ལའི་བླ་མའི་འདྲ་པར་དེ་བཞིན་བཀག་བསྡོམས་ལས་འགལ་བའི་ངོ་རྒོལ་གྱི་དྲིལ་བསྒྲགས་ཐོན་རྫས་ཞིག་ཡིན་པས་ཚོང་ཁང་ལ་འཕྱངས་མི་ཆོག་པ་དང་། སྤྱི་པའི་ཚོང་རའི་ནང་དུ་འཇོག་མི་ཆོག དེ་ལྟར་ཏཱ་ལའི་བླ་མའི་འདྲ་པར་ཡོད་པའི་ཚོང་ཁང་ཆེ་ཆུང་ཚང་མས་ཟླ་བ་གཉིས་པའི་ཚེས་གཉིས་ཀྱི་སྔོན་དུ་བཀག་བསྡོམས་ལས་འགལ་བའི་ཏཱ་ལའི་བླ་མའི་འདྲ་པར་དེ་རང་འགུལ་ངང་རྫོང་རིག་གནས་ཁྲིམས་འཛིན་རུ་ཆེན་ལ་སྤྲོད་དགོས་བ་དང་། རང་འགུལ་ངང་སྤྲོད་མཁན་ལ་བདའ་འདེད་མི་བྱེད། དུས་ཚོད་ཕྱིར་འགྱངས་བྱེད་པ་དང་གཏན་ནས་མི་སྤྲོད་མཁན་ཚོ་ལ་རྫོང་རིག་གནས་ཕྱོགས་བསྡུས་ཁྲིམས་འཛིན་རུ་ཆེན་གྱིས་ཐབས་ཤེས་དྲག་པོ་སྤྱད་ནས་རྩིས་ལེན་བྱེད་པ་དང་། དོ་བདག་གི་མི་ལ་ཐག་གཅོད་ནན་མོ་བྱེད་རྒྱུ་ཡིན་ཅེས་བརྡ་ཐོ་བཏང་ཡོད་པ་རེད།
ད་དུང་བརྡ་ཐོ་དེའི་ནང་། ཞིབ་བཤེར་བྱས་བ་བརྒྱུད་མིག་སྔར་བྲག་མགོ་རྫོང་གི་ཚོང་ཁང་ཆེ་ཆུང་འདྲ་མིན་བརྒྱ་ཆ་བཞི་བཅུ་ཡི་ནང་། ཟོང་སྒྲོམ་དང་གྱང་ངོས་སུ་ཆ་སྙོམས་ངང་བཀག་བསྡོམས་ལས་འགལ་བའི་ཏཱ་ལའི་བླ་མའི་སྐུ་པར་འཕྱངས་ཡོད་ཚུལ་ཡང་འཁོད་འདུག
ཉེ་བའི་ལོ་ཤས་ནང་རྒྱ་ནག་གཞུང་གིས་བོད་ནང་གི་དགོན་སྡེ་ཁག་ལ། ༧གོང་ས་མཆོག་གི་སྐུ་པར་སྒྲིག་བཤོམ་བྱེད་མི་ཆོག་པའི་སྲིད་ཇུས་ལག་བསྟར་དང་དམ་དྲག་ཤུགས་ཆེན་བྱས་བར་བོད་ནང་གི་བོད་མི་ཚོས་དེར་མཐའ་གཅིག་དུ་ངོ་རྒོལ་བྱེད་བཞིན་པ་རེད།

གསར་འགོད་པ་ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org