ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་༧གོང་ས་མཆོག་མངའ་ཁུལ་དེར་༧ཆིབས་སྒྱུར་ཡོང་བའི་གསོལ་འདེབས་ཞུས་པ།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལ་མཇལ་ཁ་བསྩལ་པ་དང་། སྲིད་སྐྱོང་མཆོག་གིས་རྒྱ་གར་དཔོན་རིཌ་ཁག་ཅིག་དང་མཇལ་མོལ་གནང་འདུག

tibet.net

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་དད་ལྡན་མང་ཚོགས་ཁྲི་ཚོ་མང་པོར་གསུང་ཆོས་བཀྲིན་བསྩལ་གནང་མཛད་ཅིང་།  ༢༠༢༣ ཟླ་ ༡ ཚེས་ ༡ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་རི་བོ་དགེ་ལྡན་པའི་ཆོས་བརྒྱུད་འཛིན་པ་ཡོངས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་སྐབས་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་དང་མངའ་སྡེའི་ཆོས་རིག་ལྷན་ཚོགས་ཀྱི་དབུ་འཛིན་འཇམ་དཔལ་དབང་འདུད་ལགས་ཀྱིས་དབུས་མངའ་སྡེའི་མི་སྣ་མཐོ་གྲས་ཁག་ཅིག་ལྷན་ཞུགས་གནང་ཡོད་པ་རེད། ཕྱི་ཟླ་ ༡༢ ཚེས་ ༣༡  ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་གནས་ཕོ་བྲང་དུ་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གི་སྐུ་འཁོར་ཁག་ཅིག་ལ་མཇལ་ཁ་བསྩལ་ཞིང་།    སྤྱི་ཁྱབ་བློན་ཆེན་མཆོག་གིས་ཕྱི་ལོ་གསར་པ་འདི་བཞིན་ཆོས་ཕྱོགས་ཀྱི་དོན་གཉེར་ཐོག་ནས་ལས་དོན་འགོ་འཛུགས་ཡག་པོ་ཞིག་བྱུང་སོང་ཞེས་ཁོང་གི་ཊུ་ཊར་དྲ་རྒྱའི་ཐོག་ལ་བཀོད་སྤེལ་བྱེད་འདུག

མངའ་སྡེའི་སྤྱི་ཁྱབ་པ་མཆོག་གིས་ད་དུང་།  སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཁོང་དང་ཁོང་གི་ནང་མི་རྣམས་ལ་སྦྱིན་རླབས་བསྩལ་གནང་མཛད་བྱུང་པ་གསུངས་ཤིང་།   ང་ཚོས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཕྲོད་བཞེས་ཡག་པོ་ཡོང་བ་དང་༧སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པའི་སྨོན་ལམ་གསོལ་འདེབས་ཞུས་པ་ཡིན་ལ།  སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རུ་ན་ཅལ་མངའ་ཁུལ་ནང་༧ཆིབས་བསྒྱུར་བཀྲིན་བསྐྱང་སྟེ་མངའ་སྡེའི་མི་མང་ལ་བྱིན་རླབས་བསྩལ་གནང་ཡོང་བའི་གསོལ་འདེབས་ཞུས་པར།  ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་མཛའ་བརྩེ་ཆེན་པོའི་སྒོ་ནས་ཞལ་བཞེས་མཛད་བྱུང་པས།  འདི་ནི་ང་ཚོར་བློ་སྟོབས་འཕེལ་གཞི་ཞིག་ཏུ་གྱུར་སོང་ཞེས་བཀོད་འདུག

ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་ཨ་རུ་ན་ཧལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་དང་རྒྱ་གར་བྷི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ནེཏི་ཤི་ཀུ་མར་མཆོག  དེ་བཞིན་ཉི་ཧོང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཁག་ཅིག་དང་མཇལ་འཕྲད་གནང་སྟེ་བོད་དོན་གླེང་སློང་གནང་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

གསར་འགོད་པ། བློ་བཟང་དགེ་ལེགས། སེངྒེ་རི་བསོད་ནམས་ལྷ་མོ།

རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org