ང་ཆོའི་བདེན་པའི་མཐའ་ཏན་ཏན་སེལ་གི་རེད། ༧གོང་ས་མཆོག་གིས།
ང་ཚོས་རང་བཙན་རྩོད་ཀྱི་མེད་པར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་མཐུན་གྱི་ཚིག་དེའི་འོག་ནས་ང་ཚོ་ལ་ཐོབ་ཐང་འདྲ་མཉམ་བྱུང་ན་རྒྱལ་ཁབ་གཅིག་གྱུར་དེར་དགེ་མཚན་འདུག་ཅེས་བཤད་བསྡད་ཡོད་པ་༧གོང་ས་མཆོག་གིས་སྐྱེས་རབས་གསུངས་ཆོས་སྐབས་བཀའ་སྩལ་འདུག
-
2019-02-19 -
-
-
Your browser doesn’t support HTML5 audio
ང་ཚོས་རང་བཙན་རྩོད་ཀྱི་མེད་པར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་མཐུན་གྱི་ཚིག་དེའི་འོག་ནས་ང་ཚོ་ལ་ཐོབ་ཐང་འདྲ་མཉམ་བྱུང་ན་རྒྱལ་ཁབ་གཅིག་གྱུར་དེར་དགེ་མཚན་འདུག་ཅེས་བཤད་བསྡད་ཡོད་པ་༧གོང་ས་མཆོག་གིས་སྐྱེས་རབས་གསུངས་ཆོས་སྐབས་བཀའ་སྩལ་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་ན་ལེནྜའི་གཞུང་ལུགས་མི་ཉམས་རྒྱུན་འཛིན་བོད་མི་ཚོས་ལོ་ངོ་སྟོང་ཕྲག་ལྷག་བདག་གཅེས་བྱེད་བཞིན་པ་དེས་བོད་མིའི་རིག་གཞུང་དང་སྐད་ཡིག་ཐོག་འཛམ་གླིང་ནང་ངོམས་སུ་ཆོག་པ་ཞིག་ཆགས་ཡོད་སྟབས། བོད་མི་ཚོས་ངེས་པར་བོད་ཀྱི་སྐད་ཡིག་མི་ཉམས་རྒྱུན་འཛིན་དང་ལྷག་པར་དུ་དཔལ་ན་ལེནྜའི་གཞུང་ལུགས་ལ་ཐོས་བསམ་སློབ་གཉེར་མུ་འཐུད་བྱ་གལ་ཆེ་བའི་སྐོར་བོད་ཟླ་ ༡ ཚེས་ ༡༥ གཟའ་མིག་དམར་ཆོ་འཕྲུལ་དུས་ཆེན་གྱི་ཉིན་བཞུགས་སྒར་རྡ་རམ་ས་ལའི་གཙུག་ལག་ཁང་དུ་སྨོན་ལམ་ཆེན་མོའི་སྐྱེས་རབས་གསུང་ཆོས་སྩལ་སྐབས་བཀའ་གནང་འདུག
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ནང་གི་ཆོས་ལུགས་ཆེ་ཁག་ཚང་མས་བྱམས་པ་དང་བརྩེ་བ། བསླབ་སྡོམ་སྲུང་བའི་ཚུལ་ཁྲིམས་ཀྱི་ཉམས་ལེན་སྐོར་གསུང་གི་ཡོད་པ་ཧ་ལམ་གཅིག་མཚུངས་ཡིན་ན་ཡང་། སེམས་ཅན་ཐམས་ཅད་ལ་དམིགས་པའི་སྙིང་རྗེ་ཆེན་པོ་དང་ལྷག་པར་དུ་ཆོས་ཐམས་ཅད་རྟེན་ནས་བཏགས་པའི་རྟེན་འབྱུང་གི་དེ་ཁོ་ན་ཉིད་གསུང་མཁན་ནི་སངས་རྒྱས་བཅོམ་ལྡན་འདས་གཅིག་པུ་ཡིན་པ་བཀའ་གནང་པ་དང་། རྟེན་འབྱུང་གི་རྣམ་བཞག་དེར་དེང་སྐབས་བློ་ཟུར་བོར་གནས་པའི་དེང་དུས་ཚན་རིག་པ་ཚོས་ཀྱང་མོས་གུས་བྱེད་བཞིན་ཡོད་པ་བཀའ་གནང་ཡོད་པ་རེད།
བཅོམ་ལྡན་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བའི་རྣམ་བཞག་དེར་ཧ་ཅང་གི་ཐུགས་དད་ཆེན་པོ་འཁྲུངས་ཏེ་རྗེ་རིན་པོ་ཆེ་བློ་བཟང་གྲགས་པ་མཆོག་གིས་རྟེན་འབྲེལ་བསྟོད་པ་མཛད་པ་བཀའ་གནང་པ་དང་། དེ་ཉིན་རྟེན་འབྲེལ་བསྟོད་པ་དང་བཀའ་གདམས་དགེ་བཤེས་བླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མའི་བཤད་ལུང་ཡང་སྩལ་གནང་མཛད་ཡོད་པ་རེད།
རྗེ་ཙོང་ཁ་པ་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༤༠༩ ལོར་ལྷ་ལྡན་སྨོན་ལམ་ཆེན་མོ་ཐོག་མར་གསར་བཙུགས་མཛད་ཅིང་། གནས་སྟངས་འདྲ་མིན་གྱི་འོག་བོད་ནང་སྨོན་ལམ་ཆེན་མོ་བསྐོང་ཚོགས་མ་ཐུབ་པ་ལོ་རེ་ཟུང་བྱུང་ཡོད་ལ། ལྷག་པར་དུ་རྒྱ་ནག་གིས་བོད་ཡོངས་རྫོགས་དབང་བསྒྱུར་བྱས་རྗེས། ཕྱི་ལོ་ ༡༩༦༠ ཐམ་པ་ནས་བོད་ནང་སྨོན་ལམ་ཆེན་མོ་བསྐོང་ཚོགས་ཐུབ་མེད་ཅིང་། འོན་ཀྱང་ཀུན་གཟིགས་པན་ཆེན་རིན་པོ་ཆེ་མཆོག་གིས་ཕྱི་ལོ་ ༡༩༨༥ ལོར་ལྷ་ལྡན་སྨོན་ལམ་ཆེན་མོ་བསྐྱར་གསོ་གནང་ཡོད་པ་རེད། འོན་ཀྱང་ཕྱི་ལོ་ ༡༩༥༩ ལོར་བོད་མི་རྣམས་བཙན་བྱོལ་དུ་འབྱོར་རྗེས། ཕྱི་ལོ་ ༡༩༦༠ ཐམ་པའི་ལོར་སྨོན་ལམ་ཆེན་མོ་བསྐོང་ཚོགས་གནང་ཐུབ་མེད་པ་ལས། ༡༩༦༡ ལོ་ནས་ད་བར་བར་མཚམས་མ་ཆད་པར་སྨོན་ལམ་ཆེན་མོ་བསྐོང་ཚོགས་ཐུབ་པ་བྱུང་ཡོད་པ་རེད།
ཆོ་འཕྲུལ་དུས་ཆེན་གྱི་སྐྱེས་རབས་གསུང་ཆོས་སུ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་ཡང་ཆེད་བཅར་ཞུས་འདུག་ཅིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་དེ་སྔོན་སྐུ་ལས་ཆེན་པོ་སྐྱོན་མཁན་གྱི་གཞུང་ཞབས་པ་རྣམ་པར་ལེགས་གསོའི་བསྔགས་བརྗོད་དང་། ད་ལྟ་འགན་འཁུར་བཞེས་བཞིན་པའི་གཞུང་ཞབས་པ་རྣམས་ཀྱིས་ཀྱང་ཕྱག་ལས་ཧུར་ཐག་གནང་བཞིན་པར་ཐུགས་རྗེ་ལེགས་སོ་གནང་པར་མ་ཟད། ལས་དོན་ཆུང་ཚགས་འགའ་ཤས་ཀྱི་ཐོག་གཅིག་པུར་དམིགས་པ་མ་ཡིན་པར། ཕྱོགས་ཡོངས་ཀྱི་ལས་དོན་ལ་དམིགས་ནས་ཕྱག་ལས་གནང་དགོས་གལ་ཆེ་བའི་བཀའ་སློབ་ཕེབས་ཡོད་པ་རེད།
ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རྒྱ་ནག་གིས་དབང་བསྒྱུར་བྱས་པ་འདི་ནི་བོད་མི་ཚོར་རྐྱེན་ངན་གྲོགས་སུ་ཤར་བ་ལྟ་བུ་བོད་ཆོལ་ཁ་གསུམ་གྱི་བོད་མི་ཡོངས་རྫོགས་ཚུར་རྡོག་རྩ་གཅིག་གི་ངོ་བོ་བརྟན་དུ་སོང་བ་དང་། བོད་མི་རིགས་ཀྱི་ལ་རྒྱ་དང་སྙིང་སྟོབས་ཆེ་རུ་ཕྱིན་ཡོད་པ་བཀའ་གནང་ཞིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ང་ཚོའི་མི་རིགས་ཀྱི་ལ་རྒྱ་དང་སྙིང་སྟོབས་དེ་ཡང་རང་རྒྱལ་གཞན་ཕམ་ཟེར་གྱི་མེད་པར་རྒྱ་ཆེའི་མི་མང་པོ་ལ་ཕན་ཐོགས་ཡོང་ཐུབ་པར་བསམ་བློ་གཏོང་གི་ཡོད་པ་བཀའ་གནང་ཡོད་པ་རེད་ལ། དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་ནི་ནང་པའི་ཡུལ་གྲུ་ཞིག་ཡིན་པ་དང་རྒྱ་ནག་ནང་ཡོད་པའི་ནང་པ་ཆེས་མང་པོས་བོད་བརྒྱུད་ནང་བསྟན་ལ་དགའ་མོས་དང་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་བཀའ་གནང་པ་དང་སྦྲགས། རྒྱ་ནག་ནང་གི་ནང་པ་དེ་དག་ལ་བོད་མི་ཚོས་ངེས་པར་ཕན་ཐོག་བྱེད་ཐུབ་ངེས་ཡིན་པ་བཀའ་གནང་ཡོད་པ་རེད།
དེར་རྟེན་ཕྱི་ལོ་ ༡༩༧༤ལོ་ནས་བཟུང་བོད་མི་ཚོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམས་གཞིའི་འོག་མིང་དོན་མཚུངས་པའི་རང་སྲིད་ཀྱི་གནས་བབས་འབྱུང་ཚེ་བོད་རང་བཙན་རྩོད་ལེན་གནང་རྒྱུ་མིན་པའི་བཞེངས་ཕྱོགས་དེ་ཡང་བོད་རྒྱ་མི་རིགས་གཉིས་ཀར་ཕན་ཐོག་འབྱུང་རྒྱུར་དམིགས་པ་ཞིག་ཡིན་པ་བཀའ་གནང་ཡོད་པ་རེད།
ད་དུང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ད་བར་བོད་པའི་མི་རབས་ནས་མི་རབས་དཀའ་ལས་བརྒྱབས་ཏེ་སོ་སོའི་བདེན་དོན་དེ་བདེན་པ་མཐའ་འཁྱོངས་པ་ཅིག་ད་ལྟ་བར་བྱས་ཡོད་ལ། བདེན་པའི་མཐའ་ཏན་ཏན་སེལ་ངེས་ཡིན་པས། ཚང་མས་སེམས་ཤུགས་དང་བློ་རྒྱ་བསྐྱེད་ནས་ཧུར་ཐག་བྱ་དགོས་པའི་བཀའ་སློབ་ཕེབས་ཡོད་པ་རེད།
ཕྱི་ཟླ་ ༢ ཚེས་ ༢༠ ནས་བཟུང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་གཙོ་བོ་གཞུང་ཆེན་སློབ་གཉེར་བ་གཙོ་བོར་གྱུར་པའི་དད་ལྡན་ཆོས་ཞུ་རྣམས་ལ་དབུ་མ་སྙིང་པོའི་སྒོ་ནས་གསུང་ཆོས་སྩོལ་གནང་མཛད་རྒྱུ་ཡིན་པ་རེད།
ཆོ་འཕྲུལ་སྨོན་ལམ་གྱི་ཚེས་༡༥ཉིན་གྱི་བཀའ་ཆོས་འདི་ལ་ཡོ་རོབ་དང་། ཨ་མི་རི་ཀ། ཨུ་རུ་སུ་དང་ཤར་ཕྱོགས་ཀྱི་མི་རིགས་ཧ་ཅང་མང་པོ་བཅར་ཡོད་པ་རེད།