འཛམ་གླིང་གི་དཀའ་ངལ་མང་དག་ཅིག་དབྱེ་འབྱེད་ཀྱི་བསམ་བློ་ཆེ་དྲགས་པའི་རྐྱེན་གྱིས་ཡོང་གི་ཡོད། ༧གོང་ས་མཆོག་གིས།
འཛམ་གླིང་གི་དཀའ་ངལ་མང་དག་ཅིག་དབྱེ་འབྱེད་ཀྱི་བསམ་བློ་ཆེ་དྲགས་པའི་རྐྱེན་གྱིས་ཡོང་གི་ཡོད་པ་༧གོང་ས་མཆོག་གིས་སེམས་དང་སྲོག་གི་བགྲོ་གླེང་ལྷན་ཚོགས་ཉིན་མཐའ་མའི་སྐབས་བཀའ་བསྩལ་སོང་།
- 2022-10-13
-
-
-
Your browser doesn’t support HTML5 audio
འཛམ་གླིང་གི་དཀའ་ངལ་མང་དག་ཅིག་དབྱེ་འབྱེད་ཀྱི་བསམ་བློ་ཆེ་དྲགས་པའི་རྐྱེན་གྱིས་ཡོང་གི་ཡོད་པ་༧གོང་ས་མཆོག་གིས་སེམས་དང་སྲོག་གི་བགྲོ་གླེང་ལྷན་ཚོགས་ཉིན་མཐའ་མའི་སྐབས་བཀའ་བསྩལ་སོང་།
ཨ་མི་རི་ཀར་རྟེན་གཞི་བྱས་པའི་སེམས་དང་སྲོག་ལྟེ་གནས་ཁང་གིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། སེམས་དང་སྲོག་གི་བགྲོ་གླེང་ལྷན་ཚོགས་ཐེངས་༣༧པ་དེ་བཞུགས་སྒར་རྡ་རམ་སའི་རྒྱལ་བའི་ཕོ་བྲང་དུ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ནུབ་ཕྱོགས་ཀྱི་སེམས་ཁམས་ཚན་རིག་པ་དང་། ཀླད་རྩའི་ཚན་རིག་པ། དེང་གི་འཕྲུལ་རིག་ཐོག་ཉམས་ཞིབ་གནང་མཁན་ཚན་རིག་པ། དེ་བཞིན་འགྲོ་བ་མིའི་འཕེལ་འགྱུར་རིག་པའི་ཐོག་ཉམས་ཞིབ་གནང་མཁན་ཚན་རིག་པ་སོགས་དང་ལྷན་དུ་ཉིན་གཉིས་ཀྱི་རིང་། བཟང་སྤྱོད་དང་། རྟེན་འབྲེལ་ལྟོས་གྲུབ། སྤྱི་ཚོགས་འབྲེལ་ལམ་བཅས་ཀྱི་ཐོག་གོ་བསྡུར་གནང་ཡོད་ཅིང་། འདི་ཚེས་༡༣ཉིན་མཐའི་བགྲོ་གླེང་སྐབས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། སྐྱེ་བ་སྔ་ཕྱི་ནི་རྣམ་པར་ཤེས་པའི་རྒྱུན་གྱི་ཐོག་ནས་བཤད་ཐུབ་པ་ལས་ལུས་པོའི་སྟེང་ནས་བཤད་མི་ཐུབ་པ་བཀའ་གནང་ཞིང་། དེ་ཡང་དཔེར་ན་ཕ་མ་གཅིག་པའི་ཕྲུ་གུ་འཚེ་མ་གཉིས་ལ་ཆ་བཞག་ན། ལུས་པོའི་ཐོག་ནས་ཧ་ཅང་འདྲ་མཚུངས་ཡིན་ཡང་ཤེས་པའི་ཐོག་ནས་མི་འདྲ་བ་ཡོང་གི་ཡོད་པ་དེས་ལུས་པོ་ཕུད་པའི་ཤེས་པ་ཟེར་བ་ཞིག་ཐ་དད་དུ་ཡོད་པ་གསལ་པོ་ཡིན་པ་བཀའ་གནང་ཡོད་པ་རེད། ད་དུང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། ནང་པའི་གཞུང་ལུགས་ནང་ཕ་མའི་ཁུ་ཁྲག་གི་ཉིང་མཚམས་སྦྱར་བ་ཙམ་གྱིས་སྐྱེ་བ་བླང་བར་མི་འདོད་པ་དང་། གཙོ་བོ་སྐྱེ་བ་བླངས་པར་ངེས་པར་དུ་ཁུ་ཁྲག་འདུས་པའི་དབུས་སུ་རྣམ་ཤེས་ཞུགས་དགོས་པར་འདོད་ཀྱི་ཡོད་པ་གསལ་བཤད་གནང་ཡོད་པ་རེད།
ཡིན་ན་ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། ཡིད་བློའི་རྣམ་ཤེས་གཙོས་པའི་རྣམ་ཤེས་ཡོངས་རྫོགས་ཀྱི་བྱེད་ལས་ཀླད་པར་རྟེན་ཡོད་པ་བཀའ་གནང་པ་དང་དུས་མཚུངས། ཀླད་པ་དང་ཕུང་པོ་ངོ་བོ་གཅིག་མིན་པ་གསལ་བཤད་གནང་ཡོད་པ་རེད།
ཨ་མི་རི་ཀའི་ཀླད་རྩའི་ཚན་རིག་པ་གྲགས་ཅན་སྐུ་ཞབས་(Richard Davidson)་ལགས་ཀྱིས། གནད་དོན་འདིའི་ཐོག་ནང་པ་དང་ཚན་རིག་པ་ཚོའི་བར་ལོ་མང་རིང་གོ་བསྡུར་སྦྱང་ཤེས་ཞུས་ཡོད་པ་གསལ་བཤད་ཞུས་ཤིང་། ཁོང་གིས་འདས་པའི་ལོ་༡༠༠ཙམ་རིང་ཚན་རིག་པས་དཔྱད་པ་བྱས་པའི་ཁྲོད། ད་བར་རྣམ་ཤེས་ཀྱི་ཐོག་ལ་འགྲེལ་བཤད་ཡང་དག་པ་ཞིག་རྒྱབ་ཐུབ་མེད་པ་དང་། ཚན་རིག་པ་ཚོས། ཀླད་པ་དང་སེམས་གཉིས་གཅིག་ལྟར་ངོས་འཛིན་བྱེད་ཀྱི་ཡོད་པ་དེ་ཡང་བདེན་པ་མིན་པ་ལན་འདེབས་ཞུས་ཡོད་པ་རེད།
ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། སྒོམས་སྒྲུབ་ཉམས་ལེན་ལ་བརྟེན་པའི་གོམས་པའི་དབང་གིས་སེམས་ཀྱི་ཡོན་ཏན་གོང་མཐོར་འགྲོ་བ་ཡོང་གི་ཡོད་པ་དང་། དཔེར་ན་ལོ་ནའི་བབས་ཀྱི་ལུས་པོ་ཉམས་ཡང་སེམས་ཀྱི་ནུས་པ་དང་ཡོན་ཏན་མི་ཉམས་པར་གནས་ཐུབ་པ་ཡོང་གི་ཡོད་པ་དེ་ཡང་། རྣམ་ཤེས་ཀྱི་རང་བཞིན་དེ་ཕུང་པོ་ལས་ལོགས་སུ་ཡོད་པ་བཏོན་པ་ཞིག་ཡིན་པ་བཀའ་གནང་ཞིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དཔེར་ན་གསང་སྔགས་བླ་མེད་ཀྱི་ཉམས་ལེན་ནང་། རང་བཞིན་ལྷན་སྐྱེས་སུ་ཡོད་པའི་གཉུག་མའི་སེམས་དེ་འཆི་དུས་ཀྱི་གནས་སྐབས་སུ་སྩོལ་མེད་ཀྱི་ཐོག་ནས་ཤར་བ་དེ་ངོ་འཕྲོད་ཐབས་སུ་ལམ་གྱི་གནས་སྐབས་ནས་ལུས་ཀྱི་འབྱུང་བ་ཐིམ་རིམ་དང་རྣམ་ཤེས་རག་པ་འགག་རིམ་ལ་སྩོལ་བའི་ཐོག་ནས་མྱོང་བ་ཐོན་ཐབས་བྱེད་ཀྱི་ཡོད་པ་གསལ་བཤད་གནང་པ་དང་སྦྲགས། དེ་ལྟར་གོམས་འདྲིས་ཆེན་པོ་ཡོད་པའི་རྣལ་འབྱོར་བ་དེས་མཐར་འཆི་བའི་གནས་སྐབས་སུ་ལུས་ཀྱི་འབྱུང་བ་རག་པ་དེ་དག་ཕྲ་བའི་འབྱུང་བའི་ནང་རིམ་གྱིས་ཐིམ་པའི་སྐབས། རང་བཞིན་བརྒྱད་བཅུའི་ཀུན་རྟོག་ལ་སོགས་པ་རག་པའི་སེམས་དེ་དག་ཀྱང་རིམ་གྱིས་འགག་དེ་སེམས་ཕྲ་ཤོས་སམ་གཉུག་མ་ལྷན་ཅིག་སྐྱེས་པའི་འོད་གསལ་རང་བཞིན་གྱིས་ཤར་བ་དེ་ངོས་བཟུང་བའི་ཐོག དེའི་ཐོག་སེམས་མཉམ་བཞག་གི་ངང་གནས་པ་དེར་སྤྱིར་བཏང་ཐུགས་དམ་དུ་བཞུགས་པ་ཞེས་བརྗོད་ཀྱི་ཡོད། ཐུགས་དམ་དུ་བཞུགས་པའི་གནས་སྐབས་སུ་ཕྱིའི་ལུས་པོ་གྲོངས་ཟིན་ཞིང་། འོན་ཀྱང་རླུང་ཕྲ་མོར་བརྟེན་པའི་སེམས་ཕྲ་མོའི་བྱེད་ལས་མ་ཉམས་པར་གནས་ཡོད་སྟབས། རག་པའི་ཕུང་པོ་དེ་ཡང་སོས་པོར་གནས་ཐུབ་པ་ཡོང་གི་ཡོད་པ་དཔེ་མཚོན་དང་བཅས་པའི་སྒོ་ནས་འགྲེལ་བརྗོད་གནང་ཡོད་པ་རེད། སྐབས་དེ་དུས་རག་པའི་སེམས་ཡོངས་སུ་འགག་ཟིན་སྟབས། བདེ་སྡུག་དང་བཟང་ངན་ལ་སོགས་པ་གཉིས་སུ་སྣང་བ་ཡོངས་རྫོགས་འགག་ཟིན་པ་གསལ་བཤད་གནང་ཡོད་པ་རེད།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་རྗེས། སི་པན་(Spain)་རྒྱལ་ཁབ་ནང་རྟེན་གཞི་བྱས་པའི་(Basque)་གཙུག་ལག་སློབ་ཆེན་གྱི་ལྟ་གྲུབ་རིག་པའི་སློབ་དཔོན་ལྕམ་(Hanne De Jaegher)་ལགས་ཀྱིས། འགྲོ་བ་མིའི་ཕན་ཚུན་འབྲེལ་བ་བྱེད་པའི་བྱ་སྤྱོད་དང་ཀུན་སློང་རྐྱང་རྐྱང་ལ་དམིགས་པ་ཙམ་མིན་པར། ཕན་ཚུན་འབྲེལ་བའི་ངོ་བོ་ཐོག་ནས་རྣམ་འགྱུར་དང་ཁྱད་ཆོས་སོགས་ཀྱི་ཐོག་ལ་དཔྱད་ཞིབ་བྱེད་ཀྱི་ཡོད་པ་འགྲེལ་བརྗོད་ཞུས་ཤིང་། ཚན་རིག་པ་ཁོང་གིས། རང་རང་སོ་སོའི་མི་རིགས་དང་ཆོས་ལུགས་སོགས་ཐ་དད་པའི་སྤྱི་ཚོགས་ཤིག་ལ་འབྲེལ་བ་བྱེད་སྐབས་དཀའ་ངལ་འཕྲད་ལུགས་དང་། འོན་ཀྱང་མི་རིགས་དང་ཆོས་ལུགས་མི་འདྲ་བའི་མི་གཞན་དང་འབྲེལ་བ་བྱེད་སྐབས། མི་འདྲ་བའི་ཁྱད་པར་ཡོད་པའི་འདུ་ཤེས་ངོས་འཛིན་བྱེད་རྒྱུ་དེ་ཡང་གལ་ཆེན་པོ་ཆགས་མིན་ཐད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་ཚུལ་བཀའ་འདྲི་ཞུས་པར། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། ང་ཚོ་ཕན་ཚུན་འབྲེལ་བ་བྱེད་པའི་སྐབས། འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་ཡོད་པའི་སྒོ་ནས་བྱ་རྒྱུ་ཧ་ཅང་གི་གལ་ཆེ་ཡིན་པ་དང་། རྒྱལ་ཁབ་དང་ཆོས་ལུགས་སོགས་ལོགས་སུ་ཡོད་པ་དེ་འགྲོ་བ་མིས་བཟོས་པ་ཤ་སྟག་ལས། དོན་དངོས་ཐོག་ང་ཚོ་སྐྱེས་སྟངས་དང་འཚར་ལོངས་བྱེད་སྟངས་ཆ་ཚང་གཅིག་མཚུངས་ཡིན་པ་བཀའ་གནང་ཞིང་། གལ་ཏེ། ཕན་ཚུན་མི་འདྲ་བའི་ཁྱད་པར་ཟུར་འདོན་རྐྱང་རྐྱང་བྱེད་ཚེ། ང་ཚོའི་བར་བགྲོ་གླེང་གནང་སྟེ་དོན་ཕན་གང་ཡང་མེད་ཅེས་བཀའ་ལན་གནང་སོང་།
(Basque)་གཙུག་ལག་སློབ་ཆེན་གྱི་ལྟ་གྲུབ་རིག་པའི་སློབ་དཔོན་ལྕམ་(Hanne De Jaegher)་ལགས་ཀྱིས། སློབ་ཆེན་དེའི་ནང་དམིགས་བསལ་སེམས་དང་སྲོག སྤྱི་ཚོགས་སོགས་ཀྱི་སྐོར་སློབ་ཁྲིད་གནང་མུས་ཡིན་འདུག་ཅིང་། སེམས་དང་སྲོག་ལྟེ་གནས་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོས་གཙོ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ཀྱིས། ཁོང་མོའི་བརྗོད་གཞི་དེ་༧གོང་ས་མཆོག་གི་ཐུགས་དགོངས་བཞིན་འགྲོ་བ་མིའི་གཅིག་གྱུར་གྱི་འདུ་ཤེས་གོང་མཐོར་ཡོང་ཐབས་དང་འབྲེལ་བ་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
ཡང་བགྲོ་གླེང་གྲུབ་མཚམས་སུ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ལྕམ་(Hanne De Jaegher)་ལགས་སུ། ཐེངས་འདིའི་ཉིན་གཉིས་རིང་གི་བགྲོ་གླེང་སྐབས་ཤེས་བྱ་གསར་པ་ག་རེ་ཐོབ་ཡོད་དམ་ཞེས་དྲིས་སྐབས། ཁོང་གིས། ་ད་རེས་བགྲོ་གླེང་སྐབས། ང་ཚོའི་བྱ་སྤྱོད་ཇི་སྤེལ་ཐོག་ལ་སོ་སོས་བསམ་བློ་གཏོང་དགོས་རྒྱུ་ཧ་ཅང་གི་གལ་ཆེ་ཡིན་པ་མྱོང་ཚོར་བྱུང་ཞེས་དང་། ཚང་མའི་ཁེ་ཕན་ནི་མི་སྒེར་སོ་སོའི་བྱ་སྤྱོད་ལ་ཐུག་ཡོད་པ་གསལ་པོ་རེད། ང་ནང་པ་མིན་ནའང་། ནང་ཆོས་དང་འབྲེལ་བའི་བློ་བསྐྱེད་གསར་པ་མང་པོ་ཞིག་ད་རེས་ཐོབ་བྱུང་ཞེས་འགྲེལ་བརྗོད་གནང་བྱུང་།
ཕྱི་ཟླ་ ༡༠ ཚེས་ ༡༣ ཉིན་གྱི་སེམས་དང་སྲོག་གི་བགྲོ་གླེང་གི་བརྗོད་བྱ་གཙོ་བོ་ཞིག་ནི། གོ་ལའི་གནམ་གཤིས་འགྱུར་ལྡོག་དང་། འཕྲུལ་རིག་གསར་གཏོད། ཆབ་སྲིད་ཀྱི་རྙོག་གླེང་སོགས་འཛམ་གླིང་སྤྱིའི་འགྱུར་འགྲོས་སོགས་ཀྱི་རྐྱེན་གྱིས་འགྲོ་བ་མིའི་འཚོ་གནས་ལ་ཡང་དུས་དང་མཐུན་པའི་འགྱུར་བ་གཏོང་དགོས་པའི་གལ་གནད་སྐོར་དང་། ཚང་མ་མཉམ་རུབ་ཀྱི་ཐོག་ནས་ཡ་རབས་སྤྱོད་བཟང་དང་། སྙིང་རྗེའི་སོགས་ཉམས་ལེན་གྱིས་མདུན་བསྐྱོད་ཇི་ལྟར་བྱེད་ཕྱོགས་སྐོར་ཡིན་པ་རེད།
ཨཧྥ་རི་ཀའི་ཡུལ་གྲུ་ཨི་ཐོ་པེ་ཡ་(Ethiopia)་རྒྱལ་ཁབ་ནས་ཡིན་པའི་བཅོས་མའི་ཤེས་པ་(Artificial Intelligence)་ཐོག་ཉམས་ཞིབ་གནང་མཁན་ཚན་རིག་པ་ལྕམ་(Abeba Birhana)་ལགས་ཀྱིས། འཕྲུལ་རིག་གསར་གཏོད་དང་། བཅོས་མའི་ཤེས་པ་(Artificial Intelligence)་ཡི་ཉེས་ཁག་དང་ཤུགས་རྐྱེན་སོགས་ཀྱི་ཐོག་གཏམ་བཤད་གནང་འདུག
ཁོང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས། ངའི་བརྗོད་གཞི་དེའི་ཐོག་དམིགས་བསལ་གྱི་དོ་སྣང་ཆེན་པོ་གནང་བའི་མྱོང་ཚོར་བྱུང་། ང་ཚོའི་བེད་སྤྱོད་བྱེད་བཞིན་པའི་ཁ་པར་ཚུད་པའི་བཅོས་མའི་ཤེས་པ་(Artificial Intelligence)་དེ་ད་ཆ་གང་ས་གང་ལ་མཐོང་རྒྱུ་ཡོད། འཕྲུལ་ཆས་ནི་མིའི་འཚོ་གནས་ལ་དགོས་མཁོ་ཆེ་ཞིང་། སྤྱི་ཚོགས་ཀྱི་ཆ་ཤས་ཤིག་ཏུ་གྱུར་ཟིན་ཡོད། འོན་ཀྱང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས། འཕྲུལ་ཆས་ལ་དམིགས་བསལ་ལེགས་ཉེས་དབྱེ་བ་འབྱེད་རྒྱུ་གང་ཡང་མེད། གཙོ་བོ་དེ་བཀོད་སྤྱོད་བྱེད་མཁན་གང་ཟག་ལ་རག་ལས་ཡོད་ཅེས་གསུངས་སོང་བས་དེ་ནི་ཧ་ཅང་གི་ངོ་མཚར་ཆེན་པོ་ཞིག་རེད་ཅེས་འགྲེལ་བརྗོད་གནང་བྱུང་།
དབང་རྩའི་ཚན་རིག་པ་ལྕམ་(Abeba Birhana)་ལགས་ཀྱིས། རྙོག་འཛིང་ཆེ་བའི་མཐུན་འཕྲོད་མ་ལག་དང་། འཕྲུལ་རིག་ཤེས་བྱ་སོགས་སྐོར་ལ་ཡང་ཕྱག་ལས་གནང་མྱོང་ཡོད་འདུག
ད་རེས་ཉིན་མཐའ་མའི་བགྲོ་གླེང་གཙོ་སྐྱོང་བ་སྐུ་ཞབས་(Martin Van Beek)་ ལགས་ནི། (Denmark)་ཏུ་རྟེན་གཞི་བྱས་པའི་(Aarhus)་གཙུག་ལག་སློབ་ཆེན་གྱི་རིག་གནས་དང་སྤྱི་ཚོགས་ཞིབ་འཇུག་ཁང་གི་སློབ་དཔོན་གྱི་ཕྱག་ལས་གནང་མྱོང་འདུག་པ་མ་ཟད། ད་ལྟའི་ཆར་མཐོ་སློབ་དེའི་མི་རྒྱུད་དཔྱད་རིག་སྡེ་ཚན་ནང་སེམས་ཀྱི་བྱེད་ལས་ཐོག་ཉམས་ཞིབ་གནང་མུས་ཡིན་འདུག
བགྲོ་གླེང་གི་མཇུག་ཏུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། འཛམ་གླིང་གི་དཀའ་ངལ་མང་དག་ཅིག་དབྱེ་འབྱེད་ཀྱི་བསམ་བློ་ཆེ་དྲགས་པའི་རྐྱེན་གྱིས་ཡོང་གི་ཡོད་པས་དེ་འགྲོ་བ་མི་རང་གིས་སེལ་ཐབས་བྱེད་དགོས་པ་བཀའ་གནང་ཞིང་། ལྷག་པར་ད་རེས་སེམས་དང་སྲོག་གི་བགྲོ་གླེང་གི་ཚོགས་དུ་ཐེངས་ ༣༧ པའི་ཐོག་ཕེབས་པའི་ཚོགས་བཅར་བ་ཡོངས་ལ། གཞིས་བཞུགས་བོད་མི་ཚོས་ནི་ངོས་ལ་བརྒྱ་ཆ་༡༠༠ཡིད་ཆེས་བྱེད་ཀྱི་ཡོད། ཁྱེད་རང་ཚོ་ངོས་ཀྱི་གྲོགས་པོ་ཡིན་སྟབས། བོད་ནང་གི་བོད་མི་ཚོས་ངོས་ཀྱི་གྲོགས་པོ་ནི་ཁོང་ཚོའི་གྲོགས་པོར་ངོས་འཛིན་བྱེད་ཀྱི་རེད། གཞིས་བཞུགས་བོད་མི་ཚོས་ང་ཚོའི་བར་གྱི་གྲོགས་པོའི་འདུ་ཤེས་ལ་ཏན་ཏན་བསྔགས་བརྗོད་བྱེད་རྒྱུ་ཡིན་པ་བཀའ་གནང་ཡོད་པ་རེད། ༧གོང་ས་མཆོག་གིས། བོད་པ་ཚོར་དཀའ་ངལ་མང་པོ་ཞིག་འཕྲད་དེ་གནས་བཞིན་ཡོད་ན་ཡང་། ང་ཚོར་བདེན་པ་ཡོད་པ་དང་། འབྱུང་འགྱུར་ང་ཚོས་ནང་ཆོས་བརྒྱུད་ནས་རྒྱ་ནག་ལ་ཡང་ཕན་ཐོགས་ཐུབ་པ་མི་འགའ་ཤས་ཀྱིས་བཤད་ཀྱི་ཡོད་པ་སོགས་བཀའ་གནང་འདུག
གཞན་ཡང་སེམས་དང་སྲོག་ལྟེ་གནས་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོས་གཙོ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ཀྱིས། འདི་ལོའི་ལྷན་ཚོགས་དེ་ཡང་དམིགས་བསལ་ཞིག་ཆགས་ཀྱི་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ཤིང་། ནད་ཡམས་ཀྱི་དཀའ་ངལ་འཕྲད་དེ་ཚན་རིག་པ་མང་པོ་ཞིག་ལ་ད་བར༧གོང་ས་མཆོག་དངོས་སུ་ཞལ་མཇལ་བྱེད་རྒྱུ་བྱུང་མེད་པས། ད་རེས་དངོས་སུ་མཇལ་རྒྱུ་བྱུང་བར་ཚོར་བ་མ་འདྲ་བ་ཞིག་བྱུང་ཡོད། གཉིས་པ་སེམས་དང་སྲོག་སྟེ་གནས་ཁང་༡༩༨༧ ལོའི་སྤྱི་ཟླ་༡༠ པའི་ནང་གསར་འཛུགས་བྱས་ནས་ལོ་ངོ་༣༥ཧྲིལ་པོ་འཁོར་གྱི་ཡོད་པར། ད་ཐེངས་ལྷན་ཚོགས་དེ་ཡང་དུས་ཚིགས་ཏག་ཏག་ཅིག་ལ་འཚོགས་ཐུབ་པའི་དགའ་སྟོན་གྱི་རྣམ་པ་དེ་ཡང་མངོན་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།
ད་ཐེངས་ཉིན་གཉིས་རིང་གི་བགྲོ་གླེང་ལྷན་ཚགས་དེ་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཚན་གནས་རྗེས་འབྲེལ་ཏཱ་ལའི་བླ་མའི་དགེ་རྩ་དང་སེམས་དང་སྲོག་ལྟེ་གནས་ཁང་ཐུན་མོང་གིས་གོ་སྒྲིག་གནང་བ་ཞིག་ཡིན་འདུག
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།