༧གོང་ས་མཆོག་གིས་བོད་ཆོལ་གསུམ་ཆིག་སྒྲིལ་སྐོར་ལ་བཀའ་སྩལ་འདུག
འཛམ་གླིང་འདིར་བོད་ཀྱི་གནད་དོན་གནས་བ་ནི་བོད་རྒྱ་ཆེའི་མི་མང་གི་སྙིང་སྟོབས་དང་སེམས་ཤུགས་ལས་བྱུང་བ་ཡིན་པ་༧གོང་ས་མཆོག་གིས་གསུངས་འདུག
-
2018-02-09 -
-
-
འཛམ་གླིང་འདིར་བོད་ཀྱི་གནད་དོན་གནས་བ་ནི་བོད་རྒྱ་ཆེའི་མི་མང་གི་སྙིང་སྟོབས་དང་སེམས་ཤུགས་ལས་བྱུང་བ་ཡིན་པ་༧གོང་ས་མཆོག་གིས་གསུངས་འདུག
དེ་ཡང་ཟླ ༢ བའི་ཚེས ༨ ཉིན་གྱི་སྔ་དྲོར། སྤྱི་ནོར༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཧི་མ་ལ་ཡའི་རི་རྒྱུད་དང་། བོད་མི། ཕྱི་རྒྱལ་བ་ཁག་ཅིག་བཅས་མི་བརྒྱ་ཕྲག་ཁ་ཤས་ལ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་རྭ་བར་མཇལ་ཁ་དང་བཀའ་སློབ་བསྩལ་སྐབས། ང་རང་ཚོ་བོད་གངས་ཅན་པ་ཞེས་དབུས་གཙང་ཆོས་ཀྱི་ཆོལ་ཁ། མདོ་སྟོད་མིའི་ཆོལ་ཁ། མདོ་སྨད་རྟ་ཡི་ཆོལ་ཁ་ཞེས་སྔར་ཆོས་རྒྱལ་ཚོའི་སྐབས་ནས་འདི་ལྟར་ཆགས་འདུག གླང་དར་མའི་རྗེས་ནས་བོད་སིལ་བུར་འཐོར་ཡང་། ཁ་སང་དེ་རིང་གི་དུས་ཚོད་འདིར་ཕྱོགས་གཅིག་ནས་བསམ་བློ་བཏང་ན་རྐྱེན་ངན་གྲོགས་སུ་ཤར་ནས། རྒྱ་གུང་ཁྲན་གྱིས་བོད་ཀྱི་ཆོས་དང་རིག་གཞུང་ལ་དམ་དྲག་ནན་མོ་བྱས་སྟབས། ཆོལ་ཁ་གསུམ་གྱི་བོད་རིགས་ཡོངས་རྫོགས་རྡོག་རྩ་གཅིག་ལ་བསྒྲིལ་ནས་བོད་གངས་ཅན་པ་ཞེས་བཤད་སྡོད་པ་ཞིག་རེད། ཆོལ་གསུམ་ཚང་མས་བོད་རིགས་གཅིག་སྒྲིལ་གྱི་འདུ་ཤེས་དེ་ཧ་ཅང་ཤུགས་ཆེན་པོ་རེད། ཅེས་དང་། དེ་བཞིན་དུ ༧གོང་ས་མཆོག་གིས་སངས་རྒྱས་པའི་ཆོས་ལ་དོ་སྣང་བྱེད་མཁན་ཞིག་ཡིན་ཚེ་བོད་ཀྱི་སྐད་ཡིག་མ་བསླབ་པར་ཐབས་མེད་པ་ལྟ་བུ་ཕལ་ཆེར་ཆགས་ཀྱི་ཡོད་པས་སོ་སོའི་སྐད་ཡིག་ལ་དོ་སྣང་བྱེད་དགོས་ཞེས་བཀའ་སློབ་ནན་མོ་བསྩལ་གནང་འདུག
ཡང ༧གོང་ས་མཆོག་གིས་བོད་ནས་ཕེབས་པའི་བོད་མི་ཚོར་ཆེད་དུ་བཀའ་སློབ་བསྩལ་གནང་ཡོད་པ་དང་། དེ་ཡང༧གོང་ས་མཆོག་གིས། ངོས་ཀྱིས་རྒྱུན་དུ་བོད་ན་ཡོད་པའི་རྒྱ་ཆེའི་བོད་མི་མང་ནི་བོད་ཀྱི་དོན་གྱི་བདག་པོ་ཡིན་ཞེས་བརྗོད་བཞིན་ཡོད། དུས་ད་ལྟའི་བར་འཛམ་གླིང་འདིར་བོད་ཀྱི་གནད་དོན་ཞིག་ཡོད་པ་ནི་བོད་རྒྱ་ཆེའི་མི་མང་གི་སྙིང་སྟོབས་དང་སེམས་ཤུགས་ལས་བྱུང་བ་ཡིན་སྟབས། ཁྱོད་རང་ཚོ་ཚང་མར་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། གཞིས་ལུས་རྒྱ་ཆེའི་མི་མང་གི་སྙིང་སྟོབས་དང་ལྷག་བསམ་འགྱུར་བ་མེད་པར་བསྡད་པ་དེ་ངོ་མཚར་སྐྱེས་དགོས་པ་ཞིག་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་དུང་ཡང་ཁྱོད་རང་ཚོས་སྔར་བཞིན་དུ་སེམས་ཤུགས་མ་ཆག་པར་ཕྱོགས་ཐམས་ཅད་ནས་འབད་བརྩོན་གནང་དགོས། ཁྱོད་རང་ཚོས་ངོས་ལ་ཕ་ཡུལ་དུ་ཡོང་རོགས་ཟེར་གྱི་འདུག ལས་སླ་བོས་ཡོང་ཐབས་མེད་ཀྱང་། གཞིས་ལུས་རྒྱ་ཆེའི་མི་མང་ཚོ་ངོས་ཀྱིས་ནམ་ཡང་བརྗེད་མི་ཡོང་། ངོས་རང་ལོ ༨༢ ཡིན་ཡང་གཟུགས་པོ་ཧ་ཅང་བདེ་བོ་ཡིན། ཁྱོད་རང་ཚོ་ཚང་མ་བློ་བདེ་བོ་དང་སེམས་སྐྱིད་པོ་བྱོས། ཞེས་སོགས་བཀའ་སློབ་བསྩལ་རྗེས། སངས་རྒྱས་ཆོས་ཚོགས་མ་དང་། མ་ཎི་ཡི་གེ་དྲུག་མ། ཐུབ་པའི་གཟུངས་སྔགས། སྒྲོལ་མའི་གཟུངས་སྔགས་སོགས་ཀྱི་ལུང་བསྩལ་གནང་འདུག
གསར་འགོད་པ་སྟག་ལྷ་རྒྱལ།