ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཐོག་༧གོང་ས་མཆོག་གིས་གསུངས་འཕྲིན་སྩལ།

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཆེས་མཐོའི་ཚོགས་འདུ་ཚོགས་པ་ནི་འོས་ཤིང་འཚམས་པ་༧གོང་ས་མཆོག་གིས་གསུངས་འཕྲིན་སྩལ་འདུག

༧གོང་ས་མཆོག་གིས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཆེས་མཐོའི་ཚོགས་འདུའི་ཐོག་གསུངས་འཕྲིན་སྩལ། ༢༠༡༨།༧།༢༥ U.S. Department of State: Bureau of Democracy, Human Rights, & Labor

༧གོང་ས་སྐྱབས་མགོན་ཆེན་པ་མཆོག་གིས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཆེས་མཐོའི་ཚོགས་འདུའི་ཐོག་མགོན་པོ་གང་ཉིད་ནས་ཚོགས་འདུ་དེ་ནི་འོས་ཤིང་འཚམས་པ་དང་ཕན་རླབས་ལྡན་པ་ཞིག་ཏུ་ངོས་འཛིན་གནང་གི་ཡོད་སྐོར་བཀའ་སློབ་ཕེབས་འདུག
དེ་ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གསུངས་འཕྲིན་ནང་དུ། ཚོགས་འདུ་འདི་ནི་སྐབས་ཐོག་སྨིན་པ་ཞིག་དང་ཧ་ཅང་གལ་འགངས་ཆེན་པོར་ངོས་འཛིན་གནང་ཞིང་། མགོན་པོ་གང་ཉིད་ཀྱི་ངོས་ནས་ཆོས་ལུགས་མཐུན་སྒྲིལ་ཡོང་ཐབས་སུ་ལེགས་སྐྱེས་གང་ཡོང་གནང་རྒྱུའི་ཆོད་འདུན་བརྟན་པོ་ཡོད་ཅེས་བཀའ་ཕེབས་ཡོད།
མགོན་པོ་གང་ཉིད་ནས་ད་དུང་མིའི་འཛམ་གླིང་འདིའི་སྟེང་ལ་ཆོས་ལུགས་མང་པོ་ཡོད་པ་དེ་དག་ལོ་ངོ་བརྒྱ་ཁྲག་འགའ་ཤས་ལ་གནས་པའི་སྐབས་འདིར། ཆོས་ཁས་ལེན་མིན་ལ་མ་ལྟོས་པར་ཆོས་ལུགས་ཚང་མར་གུས་བརྩི་ཞུ་རྒྱུ་དེ་གལ་ཆེར་འཛིན་གནང་གི་ཡོད་པ་དང་། དེ་ནས་ཆོས་ལུགས་ལ་མ་བརྟེན་པའི་སྤྱོད་བཟང་དགོས་གལ་སྐོར་སོགས་བཀའ་གནང་འདུག་ལ་གསུངས་འཕྲིན་དེ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་སྤྱི་ཚོགས་དྲ་བར་སྤེལ་ནས་ཆུ་ཚོད་བཅུ་ཙམ་གྱི་ནང་མི་གྲངས་ཁྲི་ཚོ་མང་པོས་གསན་གཟིགས་གནང་འདུག
ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་(Samuel Brownback)མཆོག་གིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་རིན་པ་ཆེ་ཕེབས་པར་དགའ་བསུ་ཞུས་གནང་འདུག
ཚོགས་འདུ་ཉིན་གཉིས་པའི་ཐོག་ཉན་ཞིབ་ཚོགས་ཆུང་ཞིག་གི་ཐོག་ལ་དོན་གྲུབ་དབང་ཆེན་ལགས་དང་ལྷན་དུ་འཇིགས་བྲལ་གློག་བརྙན་བཟོ་སྐྲུན་གྱི་བརྒྱུད་རིམ་ཁྲོད་ཕྱག་རོགས་གནང་མཁན་མགོ་ལོག་འཇིགས་མེད་ལགས་ནས། བོད་ནང་དུ་ཆོས་དད་རང་དབང་གི་དཀའ་ངལ་དང་། ལྷག་པར་དུ་ཁོང་རང་ཐེངས་གསུམ་ལ་འཇུ་བཟུང་བྱས་པ་སོགས་ངོ་སྤྲོད་ཀྱིས་རྒྱ་ནག་གཞུང་ནས་༧གོང་ས་མཆོག་དང་ལྷན་དུ་བོད་དོན་འགྲིག་འཇག་ཡོང་ཐབས་སུ་འབོད་སྐུལ་གནང་དགོས་པ་དང་། ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་དབུས་པའི་ཆབ་སྲིད་བཙོན་པ་ཡོངས་རྫོགས་གློད་གྲོལ་ཡོང་ཐབས་སུ་གནོན་ཤུགས་གནང་དགོས་པའི་འབོད་སྐུལ་ཞུས་འདུག

གསར་འགོད་པ་བཀྲ་ཤིས་དབང་ཕྱུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org