༧གོང་ས་མཆོག་གིས་བྷོཊསི་ཝ་ནའི་ཆིབས་བསྒྱུར་ཕྱི་བཤོལ་ལ་ཐུགས་འགྱོད་གནང་འདུག

༧གོང་ས་མཆོག་གིས་ལྷོ་ཧྥི་རི་ཀའི་ཡུལ་གྲུ་བྷོཊསི་ཝ་ནའི་ནང་གི་ཆིབས་བསྒྱུར་ཕྱི་བཤོལ་གནང་དགོས་བྱུང་བར་ཐུགས་འགྱོད་གནང་འདུག

༧གོང་ས་མཆོག་གིས་བརྙན་འཕྲིན་བརྒྱུད་གསུངས་འཕྲིན་བསྩལ་བཞིན་པ། ༢༠༡༧།༨།༡༧ OHHDL

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལྷོ་ཧྥི་རི་ཀའི་ཡུལ་གྲུ་བྷོཊསི་ཝ་ནའི་ནང་གི་ཆིབས་བསྒྱུར་ཕྱི་བཤོལ་གནང་དགོས་བྱུང་བར་ཐུགས་འགྱོད་ཧ་ཅང་ཆེན་པོ་ཡོད་པ་བཀའ་གནང་འདུག
དེ་ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བརྙན་འཕྲིན་བརྒྱུད་ཕྱི་ཟླ་ ༨ ་ཚེས་ ༡༧ ་ནས་ ༢༠ ་བར་བྷོཊསི་ཝ་ནའི་ནང་ཚོགས་རྒྱུའི་སེམས་དང་སྲོག་གི་ཚན་རིག་ཚོགས་འདུའི་ཐོག་བསྩལ་བའི་གསུང་འཕྲིན་དེའི་ནང་། ལོ་གཅིག་ཙམ་གྱི་སྔོན་ཐོག་མར་མགྲོན་ཤོག་འབྱོར་བའི་སྐབས་ཧ་ཅང་གི་ཐུགས་དགྱེས་མཉེས་ཆེན་པོ་བྱུང་། ཨ་ཧྥི་རི་ཀའི་གླིང་ཕྲན་འདི་ནི་ཧ་ཅང་གི་ཆེ་བ་ཞིག་ཡིན་པར་མ་ཟད། རེ་བའི་ནུས་པ་ཆེན་པོ་ཡོད་པ་ཞིག་ཏུ་ངོས་འཛིན་གནང་གི་ཡོད་ཅེས་བཀའ་གནང་འདུག
འོན་ཀྱང་འདས་པའི་ཟླ་བ་གཉིས་ཙམ་རིང་མཛད་འཆར་དུ་མ་ཞིག་བསྐྱོང་གནང་མཛད་པ་དང་། ལྷག་པར་དུ་ཟླ་བ་གཅིག་ཙམ་རིང་ལ་དྭགས་སུ་བཞུགས་རིང་རྣམ་ཀུན་དང་མི་འདྲ་བར་ས་མཐོའི་གནས་བབས་ཀྱིས་སྐུ་ལས་ཡང་སེ་ཁག་པའི་ཐུགས་ཚོར་བྱུང་བ་དང་། དེ་ནི་གཙོ་བོ་དགུང་ནའི་བབས་ཀྱི་ཡིན་པ་བཀའ་གནང་ཡོད་ལ་། ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་མོས་ཀྱི་ཐོག་ནས་བྷོཊསི་ཝ་ནར་ཆིབས་བསྒྱུར་གནང་རྒྱུའི་ཐུགས་འདུན་ཧ་ཅང་ཆེན་པོ་ཡོད་ཀྱང་། འགྲུལ་ཐག་ཧ་ཅང་རིང་པོ་ཡོད་པ་དེར་ཕེབས་རྒྱུར་སྐུ་གཟུགས་ཀྱི་བབས་ཀྱི་ཐོག་ནས་ཕྱིར་བཤོལ་གནང་དགོས་བྱུང་བའི་སྐོར་བཀའ་གནང་འདུག
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་དེ་བརྒྱུད་བྷོཊསི་ཝ་ནའི་སྲིད་འཛིན་ (Ian Khama) ་མཆོག་ལ།
སྲིད་འཛིན་གྱི་ངོས་ནས་ངའི་འཚམས་གཟིགས་དེའི་ཐོག་དཀའ་ཚེགས་ཇི་སྙེད་ཅིག་བྱུང་མིན་ལ་མ་འཛེམས་པར། འདུན་པ་ཆེན་པོས་གདོང་ལེན་གནང་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་སྦྲགས་དགོངས་སེལ་ཞུ་རྒྱུ་ཡིན། འོན་ཀྱང་ངའི་རེ་བར་འདི་ནི་འཕྲལ་སེལ་གྱི་ཕྱི་བཤོལ་ཙམ་ཡིན་པ་དང་། མ་འོངས་པར་ངེས་པར་དུ་གོ་སྐབས་གཞན་ཞིག་ཡོང་གི་རེད་ཅེས་བཀའ་གནང་འདུག
བྷོཊསི་ཝ་ནའི་ནང་སེམས་དང་སྲོག་གི་ཚན་རིག་གི་ཚོགས་འདུ་ཕྱི་ཟླ་ ༨ ཚེས་ ༡༧ ནས་དབུ་འཛུགས་གནང་ཡོད་ཅིང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཚོགས་འདུ་འདི་བསྐོང་ཚོགས་ཐུབ་པར་བསྔགས་བརྗོད་གནང་པ་དང་། ད་རེས་ཀྱི་ཚོགས་འདུའི་བརྗོད་གཞི་གཙོ་བོ་ཞིག་ནི། ཨ་ཧྥི་རི་ཀའི་རིག་གཞུང་ནང་མི་གཅིག་འགྱུར་གྱི་འདུ་ཤེས་འཛིན་སྟངས་ཤིག་ཡོད་པ་དེའི་ཐོག་ཡིན་སྟབས། དེ་ནི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྟག་ཏུ་འགྲོ་བ་མི་ཐེར་འབུམ་གཅིག་ཡོད་པ་དེ་དག་གཅིག་འགྱུར་གྱི་འདུ་ཤེས་དགོས་གལ་ཆེ་བའི་དགོངས་པ་དར་སྤེལ་མཛད་པ་དང་ཆེས་མཐུན་པ་ཞིག་ཡིན་པ་བཀའ་གནང་ཞིང་། དེ་ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས།
དེང་སང་འཛམ་གླིང་ནང་དཀའ་རྙོག་མང་དག་ཞིག་ནི་རྒྱལ་ཁོངས་མི་འདྲ་བ་དང་། ཆོས་ལུགས་མི་འདྲ་བ། མི་རིགས་མི་འདྲ་བ་སོགས་རིམ་པ་གཉིས་པའི་ཁྱད་པར་ཕྱེ་དྲག་པའི་རྐྱེན་གྱིས་ཡོང་གི་ཡོད་པར་བརྟེན། དཀའ་རྙོག་དེ་དག་སེལ་རྒྱུར་དངོས་ཡོད་གནས་སྟངས་ཀྱི་ཐོག་ནས་ཐབས་ལམ་གཅིག་རང་ཡོད་པ་ནི། འགྲོ་བ་མི་ཐེར་འབུམ་བདུན་ཡོད་པ་དེ་དག་གཅིག་འགྱུར་གྱི་འདུ་ཤེས་དགོས་པ་དེ་རེད་ཅེས་བཀའ་གནང་འདུག

གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org