༧གོང་ས་མཆོག་གིས་ཚོང་ལས་འཛིན་སྐྱོང་བ་ཚོར་བཀའ་སློབ་གནང་འདུག

༧གོང་ས་མཆོག་གི་བྱམས་བརྩེའི་ལམ་སྟོན་རྣམས་ས་བོན་དུ་འགྱུར་རྒྱུ་ཡིན་པ་ཚོགས་ཞུགས་པ་ཚོས་སྙན་གསེང་སྒྲོན་འདུག

༧གོང་ས་མཆོག་གིས་ཨ་རིའི་ནང་གི་ཚོང་ལས་འཛིན་སྐྱོང་བ་ཚོར་བཀའ་སློབ་གནང་སྐབས། ༢༠༡༧།༦།༢༠ ཽOHHDL

༧གོང་ས་མཆོག་གིས་ཨ་རིའི་ཨོ་རན་ཅི་(orange county)རྫོང་སྡེ་(Anaheim city)་གྲོང་ཁྱེར་ནང་གི་ཚོང་ལས་སྡེ་ཚན་གྱི་འཛིན་སྐྱོང་འགོ་ཁྲིད་མི་སྣ་མང་དག་ཅིག་ལ་བཀའ་སློབ་གནང་སྐབས་༧གོང་ས་མཆོག་གི་བྱམས་བརྩེའི་ལམ་སྟོན་རྣམས་ས་བོན་དུ་འགྱུར་རྒྱུ་ཡིན་པ་ཚོགས་ཞུགས་པ་ཚོས་སྙན་གསེང་སྒྲོན་འདུག
དེ་ཡང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཚེས་༢༠་ཉིན་Orange County རྫོང་གི་Anaheim གྲོང་ཁྱེར་གྱི་ཤེས་ཡོན་སྡེ་ཚན་གྱི་འབྲེལ་ཡོད་མི་སྣར་བཀའ་སློབ་གནང་བའི་རྗེས་སུ། ཁུལ་དེའི་Norah McMohan ཞུ་བའི་ཚོང་བདག་གྲགས་ཅན་གྱིས་གསོལ་འདེབས་ཞུས་པ་ལྟར། ཚོང་བདག་དེའི་ཁྱབ་ཁོངས་ཀྱི་ཚོང་གི་སྒྲིག་འཛུགས་ཁག་གི་ནང་དུ་ཕྱག་ལས་གནང་མཁན་གྱི་གནད་ཡོད་མི་སྣ་ཚོར་བཀའ་སློབ་མ་གནང་སྔོན་ཚོང་བདག་ཁོས། མགོན་པོ་གང་ཉིད་ཀྱིས་བྱམས་བརྩེའི་ས་བོན་ཞིག་འདིར་བཏབ་གནང་པ་འདི་གང་ཉིད་ཀྱི་དགོངས་གཞི་དང་བསླབ་བྱར་བགྲོ་གླེང་ཞུ་སའི་གནད་དོན་ཞིག་ཏུ་འགྱུར་རྒྱུ་ཡིན་པ་སོགས་ཕུགས་རྒྱང་ལ་ཕན་རླབས་ཆེ་བའི་བྱ་བཞག་ལ་ཆེ་བསྟོད་ཞུས་འདུག
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་གནང་སྐབས་སུ། ས་གནས་འདིར་བྱམས་བརྩེ་གོང་སྤེལ་བཏང་ནས་རྨང་གཞི་ཡག་པོ་ཆགས་ཡོང་གི་ཡོད་པའི་བཟོ་བལྟ་ཞིག་ལ་གཟིགས་ཀྱི་ཡོད་པ་དང་། འཛམ་གླིང་ནང་ཞི་བདེའི་དོན་དུ་གཉེར་དགོས་ན། མི་གཅིག་གཅིག་པས་མི་འགྲིག་པར། ཀུན་ཁྱབ་འགན་འཁུར་ཐོག་ནས་ཚང་མས་བསལ་བློ་གཏང་དགོས་པ་དེ་ཞེ་དྲག་གལ་ཆེན་པོ་རེད་ཅེས་གསུངས་གནང་འདུག
ཕྱི་ཚེས་༢༠་དེ་རྒྱལ་སྤྱིའི་སྐྱབས་བཅོལ་བའི་ཉིན་མོ་ལ་སོང་། འཛམ་གླིང་ནང་སྐྱབས་བཅོལ་བ་ས་ཡ་༦༥་ཡོད་པས་ཨ་མི་རི་ཀའི་ངོས་ནས་རོགས་སྐྱོར་བྱེད་རྒྱུ་ལས་ཕྱིར་འཐེན་བྱེད་ཀྱི་ཡོད་པའི་དགོངས་ཚུལ་ལ་གང་ས་ནས་གཟིགས་ཚུལ་ཤུགས་ཆེ་ཡོད་པས་ཐབས་ལམ་སྐོར་ཞུས་སྐབས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རི་འདི་རང་དབང་དམངས་གཙོའི་ཡུལ་གྲུའི་འགོ་ཁྲིད་ལྟ་བུ་ཆགས་ཡོད་པས། ཨ་རིའི་ནང་དུ་བྱམས་བརྩེ་གོང་སྤེལ་གཏོང་སྟངས་དེ་ཚོའི་ཐོག་ནས་འཛམ་གླིང་ཀུན་ལ་མིག་དཔེ་མཚོན་པའི་འགོ་ཁྲིད་བྱས་ན། ཆ་རྐྱེན་དང་། ནུས་པ་གཉིས་ཀ་ཡོད་པ་རེད་ཅེས་བཀའ་གནང་སོང་།
ད་དུང་གོ་ལ་གཅིག་གྱུར་གྱི་བསམ་བློ་བསྐྲུན་ཐབས་ཐད་གསུངས་སྐབས། ཡོ་རོབ་བཞིན་ཨ་རི་དང་། ལྷོ་ཨ་རི། ཨེ་ཤི་ཡ། དབུས་ཤར་བཅས་ཀྱི་ནང་དུ་མཉམ་འབྲེལ་སྤྱི་མཐུན་སྒྲིག་འཛུགས་བྱུང་ན། ཡུལ་གྲུ་ཕན་ཚུན་དབར་ལ་དམག་དོན་ལ་འཇུག་རྒྱུ་དེ་ཤིན་ཏུ་ཉུང་འཕྲི་བྱ་རྒྱུར་ཕན་རླབས་ཆེན་པོ་ཡོང་གི་རེད་ཅེས་གསུངས་ཡོད་པ་རེད།

གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས། བཀྲིས་དབང་ཕྱུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org