བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨཛ་ར་ཛི་ཡ་ལགས་ཀྱིས་༸གོང་ས་མཆོག་ལ་ཨ་རིའི་སྲིད་འཛིན་བྷའི་ཌན་མཆོག་གི་སྐུ་ཚབ་བྱས་ནས་འཚམས་འདྲི་ཞུས་ཡོད་པ།

༸གོང་ས་མཆོག་གིས་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་ངོ་སྤྲོད་རག་བསྡུས་ཤིག་གནང་སྟེ་ཨ་རི་ནི་མང་གཙོ་ཚད་ལྡན་གྱི་རྒྱལ་ཁབ་ཅིག་ཡིན་པ་བཀའ་གནང་འདུག

བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨཛ་ར་ཛི་ཡ་ལགས་ཀྱིས། ངས་སྲིད་འཛིན་བྷའི་ཌན་དང་ཨ་མེ་རི་ཀའི་མི་དམངས་ཀྱི་འཚམས་འདྲི་ཁྱེར་ནས་འདིར་ཡོང་བ་ཡིན་ལ་མགོན་པོ་གང་ཉིད་སྐུ་གཟུགས་གསལ་ཐང་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་འདུག OHHDL

འདི་ཚེས་༡༩ཉིན་ཨ་མེ་རི་ཀའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨཛ་ར་རྫི་ཡ་ལགས་ཀྱིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་ཏེ་ཕྱག་ཚོད་གཅིག་ལྷག་གི་རིང་ཕན་ཚུན་བཀའ་མོལ་གནང་སྐབས་ལྕམ་ཨཛ་ར་རྫི་ཡ་ལགས་ཀྱིས་༸གོང་ས་མཆོག་ལ་ཨ་རིའི་སྲིད་འཛིན་བྷའི་ཌན་མཆོག་གི་སྐུ་ཚབ་བྱས་ནས་འཚམས་འདྲི་ཞུས་འདུག  

དེ་ཡང་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨཛ་ར་ཛི་ཡ་ལགས་ཀྱིས། ངས་སྲིད་འཛིན་བྷའི་ཌན་དང་ཨ་མེ་རི་ཀའི་མི་དམངས་ཀྱི་འཚམས་འདྲི་ཁྱེར་ནས་འདིར་ཡོང་བ་ཡིན་ལ་མགོན་པོ་གང་ཉིད་སྐུ་གཟུགས་གསལ་ཐང་ཡོང་བའི་སྨོན་འདུན་དང་དེ་བཞིན་མགོན་པོ་གང་ཉིད་ནས་འཛམ་གླིང་ཞི་བདེའི་ཆེད་སྐུ་ལས་བསྐྱོན་པ་དེར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་འདུག ཡང་སྐབས་དེར་༸གོང་ས་མཆོག་གིས་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་ངོ་སྤྲོད་རག་བསྡུས་ཤིག་གནང་སྟེ་ཨ་རི་ནི་མང་གཙོ་ཚད་ལྡན་གྱི་རྒྱལ་ཁབ་ཅིག་ཡིན་པ་བཀའ་གནང་འདུག

ཨ་མི་རི་ཀ་ནི་མང་གཙོ་དང་རང་དབང་ཅན་གྱི་རྒྱལ་ཁབ་ཚད་ལྡན་ཞིག་ཡིན་པ་བཞིན་རྒྱ་གར་ཡང་དེ་ལྟ་བུ་ཞིག་ཡིན། རྒྱ་གར་ནང་ཆོས་ལུགས་ཚང་མ་མཉམ་གནས་ཐུབ་པ་དེ་ནི་གཅིག་སྒྲིལ་ཞེས་པ་དེ་རེད། རྒྱ་ནག་གིས་བོད་མིའི་བསམ་བློའི་ཁ་ལོ་བསྒྱུར་རྒྱུའི་འབད་བརྩོན་བྱས་པ་དེར་དོན་འབྲས་བྱུང་མེད། རྒྱ་ནག་ནང་འགྱུར་བ་འགྲོ་བཞིན་པ་རེད། སྤྱི་ཚོགས་རིང་ལུགས་དང་། མར་ཁེ་སེའི་རིང་ལུགས་སོགས་ད་ལྟ་ལྷག་བསྡད་མེད་བཅས་གསུངས་གནང་འདུག

ཐེངས་འདིའི་མཇལ་ཁའི་སྐབས་༸གོང་ས་མཆོག་དང་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨཛ་ར་རྫི་ཡ་ལགས་རྣམ་གཉིས་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་། དེ་བཞིན་སྐད་ཡིག་སོགས་མི་ཉམས་རྒྱུན་འཛིན་ཐད་བཀའ་བསྡུར་གནང་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་། ཨ་རིའི་སྲིད་འཛིན་བྷའི་ཌན་མཆོག་གིས་སྲིད་འཛིན་གྱི་འཁུར་ཞུས་ནས་ལོ་གཅིག་ཙམ་གྱི་རྗེས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨཛ་ར་རྫི་ཡ་ལགས་བཞུགས་སྒར་རྡ་སར་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བ་དེ་ནི་ཨ་རིའི་གཞུང་གིས་བོད་དོན་ལ་དམིགས་བསལ་གྱི་ཐུགས་སྣང་གནང་གི་ཡོད་སྐོར་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱི་གསུངས་འདུག

དེ་སྔོན་སྲིད་འཛིན་ Donald Trumpགྱི་སྐབས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སྐུ་ཞབས་Robert Destroལགས་ཀྱིས་ཕྱི་ལོ་༢༠༢༡ཟླ་བ་༡ཚེས་༡༣ཉིན་དྲ་ཐོག་བརྒྱུད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org