༧གོང་ས་མཆོག་གིས་ཕྱི་རྒྱལ་བ་ཆིག་སྟོང་ལྷག་ལ་བཀའ་སློབ་གནང་བ།
༧གོང་ས་མཆོག་གིས་རྒྱལ་ཁབ་མི་འདྲ་བ་༥༦ཙམ་གྱི་ཕྱི་རྒྱལ་བ་སྟོང་ཕྲག་བརྒལ་བར་མཇལ་འཕྲད་དང་བཀའ་སློབ་གནང་འདུག
-
2015-03-30 -
-
-
༧གོང་ས་མཆོག་གིས་རྒྱལ་ཁབ་མི་འདྲ་བ་༥༦ཙམ་གྱི་ཕྱི་རྒྱལ་བ་སྟོང་ཕྲག་བརྒལ་བར་མཇལ་འཕྲད་དང་བཀའ་སློབ་གནང་འདུག
དེ་ཡང་རེས་གཟའ་ཟླ་བའི་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་དུ་སླེབས་པའི་རྒྱལ་ཁབ་གྲངས་མི་འདྲ་བ་༥༦ནས་འདུས་པའི་ཕྱི་རྒྱལ་བ་ཕོ་མོ་གྲངས་༡༡༠༠ལྷག་ལ་མཇལ་ཁ་དང་བཀའ་སློབ་གནང་ཡོད་པ་དང་། གོང་ཞུས་༧གོང་ས་མཆོག་མཇལ་ཁ་ཞུ་བར་བཅར་མཁན་ཕྱི་རྒྱལ་བ་དེ་དག་ནི་ཨེ་ཤི་ཡ་དང་ཡོ་རོབ་དང། ལྷོ་བྱང་ཨ་མི་རི་ཀ ཨ་ཧྥེ་རི་ཀའི་གླིང་ཆེན་ཁག་ནས་ཡིན་པ་དང་། ཐོག་མར་༧གོང་ས་མཆོག་གིས་རྒྱལ་ཁབ་སོ་སོའི་ཡོང་ཁུངས་མི་འདྲ་བའི་མི་སྣ་དང་ལྷན་དུ་སྐུ་དཔར་ཟུར་དུ་བསྒྲོན་གནང་བཅུག་རྗེས་བཀའ་སློབ་གནང་ཡོད་འདུག
སྐབས་དེར་༧གོང་ས་མཆོག་གིས་སྐུ་ཚེའི་ནང་གི་འགན་འཁུར་གཙོ་བོ་གསུམ་གྱི་སྐོར་བཀའ་གནང་ཡོད་ཅིང་། དེ་དག་ནི་བདེ་སྐྱིད་ཀྱི་རྩ་བ་ནང་སེམས་སྦྱོང་བརྡར་དང་། འཛམ་གླིང་གི་ཆོས་ལུགས་ཕན་ཚུན་བར་འཆམ་མཐུན་དང་བོད་ཀྱི་རིག་གཞུང་དང་སྐད་ཡིག་དང་ཁོར་ཡུག་བཅས་པ་སྲུང་སྐྱོབ་གནང་རྒྱུའི་སྐོར་བཀའ་གནང་ཡོད་འདུག ཡང་༧གོང་ས་མཆོག་གིས་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཕོ་མོ་ཁྱད་མེད་ཡིན་པ་ངོས་འཛིན་གནང་ཡང་རྗེས་སུ་སྐྱེས་པ་ཚོ་དབང་ཆེ་བ་ཆགས་ཡོད་པར་བརྟེན་ཕོ་མོ་འདྲ་མཉམ་ཡོང་རྒྱུར་འབད་བརྩོན་གནང་དགོས་པ་དང་། དེ་བཞིན་སྟོན་པ་སངས་རྒྱས་ཀྱིས་རིགས་རུས་དབྱེ་འབྱེད་མེད་པ་བཟོས་གནང་ཡང་རྒྱ་གར་ནང་དུས་ད་ལྟ་འང་དེ་མུ་མཐུད་གནས་ཡོད་པར་བརྟེན་དེ་དག་མེད་པར་བཟོ་རྒྱུར་འབད་བརྩོན་གནང་དགོས་པའི་འབོད་བསྐུལ་གནང་ཡོད་འདུག ཕྱི་ཟླ་༤པའི་ཚེས་ ༡ ཉིན་མགོན་པོ་གང་ཉིད་ཉི་ཧོང་དུ་ཆེད་ཕེབས་གནང་རྒྱུ་ཡིན་སྐོར་ཡང་བཀའ་གནང་འདུག
གསར་འགོད་པ་ལྷུན་གྲུབ་ཚེ་རིང་།