བྱང་ཨ་མི་རི་ཀའི་བོད་མི་ཡོངས་ཀྱིས་༧གོང་ས་མཆོག་ལ་བརྟན་བཞུགས་འདེགས་འབུལ་ཞུ་འཆར་འདུག

བྱང་ཨ་མི་རི་ཀའི་བོད་མི་སྤྱི་ཡོངས་དང་བོད་ཕྲུག་ཁྱིམ་སྡེའི་དགེ་ལས་སློབ་ཟུར་རྣམས་ཀྱིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་འདེགས་འབུལ་ཞུ་འཆར་འདུག

༧གོང་ས་མཆོག་གནས་མཆོག་རྡོ་རྗེ་གདན་དུ། ༠༡།༡༧།༢༠༢༠ OHHDL

དེ་ཡང་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་༧གོང་ས་མཆོག་གི་མཛད་འཆར་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ལོ་༢༠༢༢ལོའི་ཕྱི་ཟླ་བཅུ་པའི་ཚེས་༢༦ཉིན་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་སྤྱི་ཡོངས་དང་། བོད་ཕྲུག་ཁྱིམ་སྡེའི་དགེ་རྒན་དང་སློབ་ཕྲུག་ལས་བྱེད་ངོ་ཡོད་དང་ཟུར་པ་ཡོངས་ཀྱིས་མཉམ་དུ། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་པའི་བརྟན་བཞུགས་འདེགས་འབུལ་ཞུ་རྒྱུ་ཡིན་འདུག
གཞན་མཛད་འཆར་ལྟར་ན། ཕྱི་ཟླ་བཅུ་གཅིག་པའི་ཚེས་ཉི་ཤུ་ལྔ་དང་དྲུག་ཉིན་གྲངས་གཉིས་རིང་ཀོ་རི་ཡའི་ནང་པའི་རྗེས་འཇུག་པ་ཚོས་ཇི་ལྟར་གསོལ་བ་བཏབ་པ་ལྟར། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་མ་རྩ་བ་ཤེས་རབ་ཀྱི་བཀའ་ཆོས་བཀའ་དྲིན་སྩལ་རྒྱུ་ཡིན་འདུག་ལ། རིམ་པས་ལོ་འདིའི་ལོ་མཇུག་སྟེ་ཕྱི་ཟླ་བཅུ་གཉིས་པའི་ཟླ་མཇུག་ཏུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་བསྒྱུར་གྱིས་མང་ཚོགས་ལ་ཉིན་གྲངས་གསུམ་རིང་ཆོས་འབྲེལ་སྩལ་གནང་རྒྱུ་ཡིན་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དེ་སྔ་ཕྱི་ལོ་༢༠༢༠ལོའི་ལོ་འགོར་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་བསྒྱུར་བསྐྱངས་པ་ནས་བཟུང་། འདས་པའི་ལོ་ངོ་གཉིས་ལྷག་ཙམ་རིང་། འཛམ་གླིང་ཁྱོན་ཡོངས་སུ་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་ཕྱིན་ནས་འགྲོ་བསྐྱོད་བཀག་སྡོམ་བྱས་པ་སོགས་ཀྱིས་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་བསྒྱུར་བསྐྱངས་གནང་ཐུབ་མེད་པ་རེད།

གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org