ཏཱ་ལའི་བླ་མའི་ཡང་སྲིད་དགོས་མིན་བོད་མི་དམངས་ཀྱིས་ཐག་གཅོད་བྱོས།
༧གོང་ས་མཆོག་གི་ཡང་སྲིད་བོད་མི་དམངས་ཀྱིས་ཐག་གཅོད་བྱེད་དགོས་པ་དང་གལ་སྲིད་ཡང་སྲིད་ཕེབས་རུང་སྲིད་ཀྱི་དབང་ཆ་བཞེས་རྒྱུ་མིན།
-
2014-12-05 -
-
-
༧གོང་ས་ཏཱ་ལའི་བླ་མའི་ཡང་སྲིད་དགོས་མིན་བོད་མི་དམངས་ཀྱིས་ཐག་གཅོད་བྱེད་དགོས་པ་དང་གལ་སྲིད་ཡང་སྲིད་ཕེབས་རུ་སྲིད་ཀྱི་དབང་ཆ་བཞེས་རྒྱུ་མིན།
དེ་ཡང་ཉེ་ཆར་ཉི་ཧོང་གི་Nikkei Asian Reviewཞེས་པའི་གསར་ཤོག་གིས། སྤྱི་ནོར་༧གོང་ས་མཆོག་ལ། གོང་ས་མཆོག་གི་མ་འོངས་པའི་ཕྱག་ལས་གནང་ཕྱོགས་དང་། དེ་བཞིན་བོད་རྒྱ་འབྲེལ་བའི་གནད་དོན་སོགས་ཀྱི་ཐོག་ལ་བཅར་འདྲི་ཞུས་ཡོད་པ་དང་། གསར་ཤོག་དེས་གོང་ས་མཆོག་ལ་། བོད་ནང་དུས་རབས་ཁ་ཤས་རིང་བྱེད་སྟངས་གཅིག་མཚུངས་ཤིག་གི་ཐོག་ནས་བོད་ཀྱི་དབུ་ཁྲིད་འདེམས་བསྐོ་བྱས་ཡོད་ཅིང་། ཡིན་ནའང་སྐུ་ཉིད་ནས་སྲོལ་རྒྱུན་འདི་མུ་མཐུད་གནས་དགོས་མིན་ཐད་དྭོགས་འདྲི་གནང་གི་ཡོད་པས། དེ་གང་ཡིན་ནམ་ཞེས་བཀའ་འདྲི་ཞུས་ཡོད་པ་དང་། དེའི་ལན་དུ་གོང་ས་མཆོག་གིས། སྔ་ས་ནས་སྤྱི་ལོ་༡༩༦༩ལོར་། ངས་ཏཱ་ལའི་བླ་མའི་ཡང་སྲིད་མུ་མཐུད་ངོས་འཛིན་ཞུ་དགོས་མིན་དེ་བཞིན་བོད་ནང་གི་མི་དམངས་ཚོས་མཐའ་མའི་ཐག་གཅོད་བྱེད་དགོས་པ་ཞིག་ཡིན་པར་གསལ་བསྒྲགས་བྱས་ཡོད་ལ་། ད་ཆའང་རྩ་དོན་འདིར་ངས་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་དང་། ཡང་སྤྱི་ནོར་གོང་ས་མཆོག་ནས་། གལ་ཏེ་མ་འོངས་པར་ཏྭ་ལའི་བླ་མ་སྐུ་ཕྲེང་བཅོ་ལྔ་པ་དེ་ཕེབས་པ་ཡིན་རུང་། ཏྭ་ལའི་བླ་མ་སྐུ་ཕྲེང་བཅོ་ལྔ་པ་དེ་ཆོས་ལུགས་གཞན་གྱི་དབུ་ཁྲིད་མི་སྣ་ནང་བཞིན་། ཆོས་ལུགས་ཀྱི་དབུ་ཁྲིད་ཞིག་རང་ལས་། དེས་སྲིད་ཀྱི་དབང་ཆ་བཞེས་རྒྱུ་མིན་ཞེས་བཀའ་ལན་ནན་པོ་གནང་འདུག
གསར་འགོད་པ་ཀརྨ་རྒྱ་མཚོ།