༧གོང་ས་མཆོག་ཡོ་རོབ་ཀྱི་ལ་ཏི་ཝི་ཡེར་ཆིབས་བསྒྱུར་གནང་རྒྱུ།

ལ་ཏི་ཝི་ཡེའི་གཞུང་ནས་༧གོང་ས་ཆེན་པོ་མཆོག་ཡུལ་དེའི་ནང་ཆིབས་བསྒྱུར་གནང་རྒྱུར་དགག་ཆ་ཞུ་དགོས་དོན་མེད་ལུགས་གསུངས་འདུག

ཤར་ཡོ་རོབ་ཀྱི་ལ་ཏི་ཝི་ཡེའི་Latvia་རྒྱལ་ཁབ་ཀྱི་ས་ཁྲ། google

ལ་ཏི་ཝི་ཡེའི་གཞུང་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཡུལ་དེའི་ནང་ཆིབས་བསྒྱུར་གནང་རྒྱུར་དགག་ཆ་ཞུ་དགོས་དོན་མེད་ལུགས་གསུངས་འདུག
དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག། ཤར་ཡོ་རོབ་ཀྱི་ལ་ཏི་ཝི་ཡེའི་Latvia་རྒྱལ་ཁབ་ནང་ཆིབས་བསྒྱུར་གནང་འཆར་ཡོད་པའི་སྐོར། གྲོས་ཚོགས་ནང་གི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་འཐུས་མི་ཁག་ཅིག་ནས་LETA ཞེས་པའི་གསར་འགྱུར་བརྒྱུད་ལམ་ལ་གསུངས་ཡོད་འདུག ཡང་ཆིབས་བསྒྱུར་སྐོར་ཕྱི་སྲིད་བློན་ཆེན་Edgars Rinkevics་མཆོག་ནས། ལ་ཐི་ཝི་ཡེའི་རྒྱལ་ཁབ་འདི་བཞིན་མང་གཙོའི་ལམ་ལུགས་ལྡན་པ་དང་། སྒོ་མོ་ཕྱེ་པའི་རྒྱལ་ཁབ་ཅིག་ཡིན་སྟབས་༧གོང་ས་ཏཱ་ལའི་བླ་མ་མཆོག་ཕེབས་རྒྱུར་དགག་ཆ་བྱེད་དགོས་པའི་གཞི་རྩ་གང་ཡང་ཡོད་མ་རེད། འོན་ཀྱང་ང་ཚོའི་རྒྱལ་ཁབ་དང་རྒྱ་ནག་དབར་ཆབ་སྲིད་དང་དཔལ་འབྱོར་གཉིས་ཀའི་འབྲེལ་ལམ་ཡག་པོ་འཇོག་འདོད་ཡོད་ལ། རྒྱ་ནག་གི་འབྲེལ་ཡོད་ཚོ་ལའང་བསམ་ཚུལ་འདི་ལྟར་གསལ་བཤད་བྱས་ཡོད་ཅེས་གསུངས་ནས། གང་ལྟར་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཐི་ཝི་ཡའི་ནང་ཆིབས་བསྒྱུར་གནང་རྒྱུ་དེ་ནི་སྒེར་གྱི་གོ་སྒྲིག་ཞུ་གིན་ཡོད་པ་ཞིག་ཡིན་པ་ལས་ལ་ཐི་ཝི་ཡེའི་གཞུང་ནས་གདན་འདྲེན་ཞུས་པ་ཞིག་མ་རེད་ཅེས་གསལ་པོ་གསུངས་ཡོད་འདུག
ཡང་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་Ojars Eriks Kalnins་མཆོག་གིས། ༧གོང་ས་མཆོག་ཆིབས་བསྒྱུར་གནང་རྒྱུའི་མཛད་འཆར་འདི་བཞིན་ར་ཤེ་ཡའི་ནང་པ་ཚོས་གོ་བསྒྲིགས་ཞུ་གིན་ཡོད་ལུགས་གསན་ཐོས་བྱུང་བ་ལས་དངོས་ཡོད་གོ་བསྒྲིགས་ཞུ་མཁན་སུ་ཡིན་མིན་གསུང་ཐུབ་ཀྱི་མི་འདུག་ཅེས་འགྲེལ་བརྗོད་གནང་ཡོད་འདུག། གོང་ཞུས་གནས་ཚུལ་ནང་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཡུལ་དེའི་ནང་ཆིབས་བསྒྱུར་གནང་རྒྱུའི་དུས་ཚིགས་དམིགས་བསལ་གསལ་ཁ་སྟོན་མེད་པ་རེད། འོན་ཀྱང་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲ་རྒྱའི་ནང་། ༧གོང་ས་མཆོག་གི་མཛད་འཆར་གཞིར་བཟུང་ལྟར་ན། ཁུལ་དེར་ལོ་འདིའི་ཕྱི་ཟླ་བཅུ་པའི་ཚེས་བཅུ་དང་བཅུ་གཅིག་ཉིན་གཉིས་རིང་ཆོས་འབྲེལ་བསྐྱང་གནང་འཆར་ཡོད་འདུག
དེ་དང་ཕྱོགས་མཚུངས་མཛད་འཆར་གཞིར་བཟུང་ལྟར་ན། ཕྱི་ཟླ་དྲུག་པའི་ཚེས་གཅིག་ནས་ཚེས་གསུམ་བར་བཞུགས་སྒར་རྡ་རམ་ས་ལར་སློབ་ཕྲུག་དང་། མཐོ་རིམ་སློབ་མ་གཙོི་བར་གྱུར་བའི་གཞོན་སྐྱེས་ཚོར་ཆོས་འབྲེལ་སྩལ་གནང་རྒྱུ་དང་། དེ་ནས་རིམ་བཞིན་འདི་ག་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་གྱི་གཙོས་མངའ་ཁུལ་ཁག་ཅིག་ནང་ཆིབས་བསྒྱུར་གནང་རྒྱུའི་མཛད་འཆར་ཡོད་འདུག

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org