༧གོང་ས་མཆོག་གིས་ལམ་རིམ་གསུངས་ཆོས་ལེགས་པར་གྲུབ་པ།
རང་གཅེས་འཛིན་ནི་སྐྱོན་དུ་བལྟ་ཞིང་གཞན་གཅེས་འཛིན་ནི་ཡོན་ཏན་དུ་བལྟས་ནས་སེམས་བསྐྱེད་བཟང་པོ་སྐྱེས་དགོས་སྐོར་གསུངས་བ།
-
2015-12-28 -
-
-
དེ་ཡང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་གར་ལྷོ་ཕྱོགས་བྷེ་ལ་ཀོ་པེ་བོད་མིའི་གཞིས་ཆགས་ནང་རྟེན་གཞི་བྱས་པའི་བཀྲིས་ལྷུན་པོ་དགོན་པའི་ནང་། ལམ་རིམ་ཆེན་མོའི་བཀའ་ཆོས་གནང་བཞིན་པ་ལྟར་ཁ་ས་ཉིན་བརྒྱད་པར། ༧གོང་ས་མཆོག་གིས་བདེན་གཞི་དང་སྟོང་ཉིད་སྐོར་བཀའ་ཆོས་གནང་བའི་ནང་། བདེན་པ་བཞི་ནི་ནང་ཆོས་ཀྱི་གཞི་རྩ་ལྟ་བུ་ཡིན་པ་དང་། ནང་པ་སངས་རྒྱས་པའི་སྟོང་པ་ཉིད་ཀྱི་ལྟ་བ་དང་འབྲེལ་ཏེ་དོན་ལ་མ་གྲུབ་པ་དེ་ནི་དེང་སྐབས་ཚན་རིག་པ་ཚོས་ཀྱང་ཤོད་ཀྱི་ཡོད་པ་རེད་ཅེས་དང་། དེ་བཞིན་༧གོང་ས་མཆོག་གིས། སེམས་ཅན་ཐམས་ཅད་བདེ་བ་འདོད་ཞིང་ སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་སྟབས། རང་གཅེས་འཛིན་ནི་སྐྱོན་དུ་བལྟ་ཞིང་ གཞན་གཅེས་འཛིན་ནི་ཡོན་ཏན་དུ་བལྟས་ནས་སེམས་སྐྱེད་བཟང་པོ་སྐྱེས་དགོས་པའི་སྐོར་བཀའ་གནང་འདུག རང་གཅེས་འཛིན་གྱི་བློ་ཤུགས་ཆེན་པོ་ཡོད་པ་དེ་ནི་བདེན་འཛིན་དང་ལག་འབྲེལ་བྱས་ནས་ཡོད་སྟབས་རང་གཅེས་འཛིན་གྱི་སྙིང་པོ་དེ་གཞན་གཅེས་འཛིན་གྱི་བློ་བྱང་ཆུབ་པ་བྱེད་ཀྱི་ཡོད་པ་དེ་ནི་བདེན་འཛིན་གྱི་དཔུང་རོགས་ཤིག་ཡིན་སྟབས་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་བྱེད་ཀྱི་ཡོད་སྐོར་སོགས་བཀའ་གནང་འདུག
དེ་བཞིན་འདི་ཚེས་༢༨ཉིན་༧གོང་ས་མཆོག་གིས་གདན་ས་བཀྲིས་ལྷུན་པོར་ལམ་རིམ་གསུང་ཆོས་ལེགས་གྲུབ་བྱུང་བ་དང་མཉམ་ཉིན་མཐའ་མར་དད་ལྡན་ཆོས་ཞུ་བ་ཚོར་དགེ་བསྙེན་དང་བྱང་ཆུབ་སེམས་པའི་སྡོམ་པ་གནང་ཡོད་པ་རེད།
གསར་འགོད་པ་ཚེ་དབང་དངོས་གྲུབ།
ཞིབ་ཕྲ་གསར་འགོད་པ་པདྨ་དངོས་གྲུབ་ལགས་ཀྱིས་ས་གནས་ནས་བཏང་བའི་གནས་ཚུལ་ལ་གསན་རོགས།