སེམས་ཁམས་རིག་པའི་སྐོར་ལ་སློབ་སྦྱོང་གནང་གལ་ཆེ་བ་༧གོང་ས་མཆོག་གིས་བཀའ་བསྩལ་འདུག

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ཡུལ་མི་ཚོར་མཇལ་ཁ་སྩལ་བཞིན་པ་དང་སེམས་ཁམས་འཕྲོད་བསྟེན་ཆེད་སེམས་ཁམས་རིག་པའི་སྐོར་ལ་སློབ་སྦྱོང་གནང་གལ་ཆེ་བ་བཀའ་བསྩལ་འདུག

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ཡུལ་མི་ཚོར་མཇལ་ཁ་སྩལ་སྐབས། ༠༧།༡༧།༢༠༢༣ OHHDL

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ས་གནས་སུ། ཕྱི་ཟླ་༧པའི་ཚེས་༡༧ཉིན་ནས་ལ་དྭགས་ཁུལ་གྱི་བོད་མི་དང་། ལ་དྭགས་ཡུལ་མི་ཚོར་ཉིན་ལྟར་མཇལ་ཁ་སྩལ་བཞིན་པ་དང་། དེ་འབྲེལ་གྱི་བརྙན་ཐུང་ཞིག་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་དྲྭ་ཐོག་སྤེལ་ཡོད་པའི་ནང་། མགོན་པོ་མཆོག་གིས་སེམས་ཁམས་འཕྲོད་བསྟེན་ཡག་པོ་ཡོང་ཆེད། སེམས་ཁམས་རིག་པའི་སྐོར་ལ་སློབ་སྦྱོང་གནང་གལ་ཆེ་བ་དང་། རྒྱ་གར་གྱི་གནའ་བོའི་རིག་གཞུང་དཔལ་ན་ལེན་དྲའི་ལྟ་གྲུབ་དང་། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་ལྟ་གྲུབ་ལ་བསམ་བློ་བཏང་སྟེ། བརྟག་པ་དང་དཔྱད་པ་གནང་རྒྱུ་གལ་ཆེན་ཡིན་པ། གལ་ཏེ་རང་ལ་གོ་སྐབས་རག་པ་ཡིན་ན་བརྟག་དཔྱད་ཞིབ་འཇུག་མང་པོ་བྱས་ཏེ། སངས་རྒྱས་ཟེར་ན་ག་རེ་ཡིན་དང་བདག་ཟེར་བ་གང་དུ་ཡོད་སོགས་ལ་བསམ་ཞིབ་དང་འཚོལ་ཞིབ་དགོས་གལ་ཆེན་པོ་ཡིན་པ་བཀའ་བསྩལ་འདུག
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཟླ་བདུན་པའི་ཕྱི་ཚེས་༡༡ཉིན་ལ་དྭགས་སུ་ཞབས་སོར་བདེ་བར་འཁོད་ཡོད་པ་དང་། ཕྱི་ཚེས་༡༤ཉིན་ལ་དྭགས་གླེའི་ཇོ་ཁང་དུ་ཆིབས་སྒྱུར་མཛད། སྐབས་དེར་འཛམ་གླིང་འདིའི་སྟེང་ཆོས་བརྒྱུད་སོ་སོའི་ལྟ་གྲུབ་མི་འདྲ་བ་ཡོད་ཀྱང་། ཚང་མས་སེམས་པ་བཟང་པོ་བྱ་རྒྱུ་དང་། མི་ལ་ཕན་སེམས་བྱ་རྒྱུ། དེ་བཞིན་སུ་ཞིག་ལ་གནོད་པ་མི་བྱ་རྒྱུའི་བསླབ་བྱ་གཅིག་གྱུར་ཡིན་ཞེས་དང་། འཛམ་གླིང་འདིའི་སྟེང་ཞི་བདེ་བསྐྲུན་ཆེད་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་དགོས་གལ་ཆེ་བའི་སྐོར་བཀའ་སློབ་སྩལ་ཡོད་པ་རེད།
མཛད་འཆར་ལྟར་ན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ས་གནས་སུ་ཕྱི་ཟླ་༧པའི་ཚེས་༢༡ཉིན་རྒྱལ་སྲས་ལག་ལེན་སོ་བདུན་མའི་བཀའ་ཆོས་དང་། ཕྱི་ཚེས་༢༢ ཉིན་༧ཐུགས་རྗེ་ཆེན་པོའི་བཀའ་དབང་སྩལ་རྒྱུ་ཡིན་པ་དང་། དེ་བཞིན་ཕྱི་ཚེས་༢༣ཉིན་ལ་དྭགས་ནང་ཚོགས་དང་ལ་དྭགས་ཡོངས་ཀྱི་དགོན་པ་ཚོགས་འདུ་གཉིས་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་རེད་འདུག
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ལ་དྭགས་ཁུལ་གྱི་མཛད་འཆར་གཞན་ད་དུང་དགའ་ལྡན་ཕོ་བྲང་ནས་གསལ་བསྒྲགས་བྱས་མེད་ཀྱང་། དེ་སྔོན་མགོན་པོ་མཆོག་གིས་ཞལ་བཞེས་མཛད་པ་བཞིན་ལ་དྭགས་གཤམ་ལྗོངས་དང་ནུབ་ར་ལྗོངས་སུ་ཆིབས་བསྒྱུར་བསྐྱངས་ཕྱིར་ས་གནས་སུ་གྲ་སྒྲིག་གནང་བཞིན་ཡོད་འདུག


གསར་འགོད་པ། འཕྲིན་ལས་ཆོས་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org