༧གོང་ས་མཆོག་གིས་ཁམས་སྒར་འབྲུག་མཐོ་སློབ་ངྷརྨ་ཀཱ་རའི་བཤད་གྲྭ་དབུ་འབྱེད་ཀྱིས། སངས་རྒྱས་ཆོས་ལུགས་ལ་ཉམས་པ་མེད་པར་དེང་སང་ཚན་རིག་པ་ཚུན་གྱིས་དོ་སྣང་གསར་པ་སླེབས་བཞིན་པའི་སྐོར་བཀའ་སྩལ་སོང་།
རྒྱ་གར་ཧི་མ་ཅལ་མངའ་སྡེའི་ཀང་ར་རྫོང་ཁོངས་སུ་ཆགས་པའི་བཀྲ་ཤིས་ལྗོངས་ས་གནས་སུ། ཁམས་སྤྲུལ་རིན་པོ་ཆེ་སྐུ་ཕྲེང་དགུ་བ་བཤད་སྒྲུབ་ཉི་མ་མཆོག་ནས་ཁམས་པ་སྒར་འབྲུག་མཐོ་སློབ་ངྷརྨ་ཀཱ་རའི་བཤད་གྲྭ་རྟེན་དང་བརྟེན་པར་བཅས་པ་གསར་བཞེངས་ལེགས་གྲུབ་ཀྱིས། སྤྱི་ཟླ་༩པའི་ཚེས་༢༧ཉིན་བོད་མིའི་དབུ་ཁྲིད་༧གོང་ས་མཆོག་ནས་དབུ་འབྱེད་གནང་ཡོད།
- 2023-09-27
-
-
-
Your browser doesn’t support HTML5 audio
རྒྱ་གར་ཧི་མ་ཅལ་མངའ་སྡེའི་ཀང་ར་རྫོང་ཁོངས་སུ་ཆགས་པའི་བཀྲ་ཤིས་ལྗོངས་ས་གནས་སུ། ཁམས་སྤྲུལ་རིན་པོ་ཆེ་སྐུ་ཕྲེང་དགུ་བ་བཤད་སྒྲུབ་ཉི་མ་མཆོག་ནས་ཁམས་པ་སྒར་འབྲུག་མཐོ་སློབ་ངྷརྨ་ཀཱ་རའི་བཤད་གྲྭ་རྟེན་དང་བརྟེན་པར་བཅས་པ་གསར་བཞེངས་ལེགས་གྲུབ་ཀྱིས། སྤྱི་ཟླ་༩པའི་ཚེས་༢༧ཉིན་བོད་མིའི་དབུ་ཁྲིད་༧གོང་ས་མཆོག་ནས་དབུ་འབྱེད་གནང་ཡོད་ཅིང་། སྐབས་དེར་༧གོང་ས་མཆོག་གིས་མགོ་སྟོད་རྒྱ་ནག་གུང་ཁྲན་ཏང་གིས་བོད་ཀྱི་ནང་ཆོས་གཏོར་བཤིག་བཏང་ཡོད་ནའང་། བོད་ཀྱི་སངས་རྒྱས་ཆོས་ལུགས་ལ་ཉམས་པ་མེད་པར། དེང་སང་སྔ་མོ་ནང་ཆོས་མ་དར་བའི་ཡུལ་གྲུ་ཁག་ནང་དར་ཁྱབ་འགྲོ་བཞིན་པ་མ་ཟད། ཚན་རིག་པ་ཚོས་ཀྱང་དོ་སྣང་གསར་པ་སླེབས་བཞིན་པའི་སྐོར་བཀའ་གནང་གི་འདུག
ཡང་༧གོང་ས་མཆོག་གིས་བྱང་ཆུབ་ཀྱི་སེམས་སྒོམ་ན་ལུས་བདེ་བ་དང་སེམས་སྐྱིད་པ། ཚེ་སྒྲུབ་ཀྱི་མཆོག་ཡིན་པའི་ཁར། འཛམ་གླིང་ཞི་བདེ་ནི་ནང་སེམས་ཀྱི་ཞི་བདེ་ལ་བརྟེན་ནས་ཡོང་གི་ཡོད་པས། སེམས་ཞི་དུལ་བག་ཡོད་དགོས་པ་དང་། དབུ་ཚད་ཟུང་འབྲེལ་གྱི་ལམ་ནས་སེམས་ནང་ཞི་བདེ་ཡོང་ཐབས་སྐོར་ངོས་ནས་འགྲེལ་བཤད་བྱས་བསྡད་པར། མི་མང་པོས་དགའ་མོས་གནང་གི་ཡོད་པ་དང་། དེ་ནི་བོད་ཀྱི་གཅེས་ནོར་ཀྱང་ཡིན་པས་དེ་ལ་བདག་པོ་གནང་དགོས་པ་ཁྱེད་ཚོས་སེམས་ལ་བཅངས་རོགས་ཞེས་ལམ་སྟོན་ཕེབས་སོང་།
ཡང་༧གོང་ས་མཆོག་གིས་མའི་མངལ་ནས་སྐྱེས་པ་ནས་བཟུང་སྟེ་ང་ཚོར་ལྷན་སྐྱེས་སུ་ཨ་མའི་བསླབ་པའི་བྱམས་བརྩེ་དེ་ཧ་ཅང་རྩ་ཆེན་པོ་ཡིན་པར་བརྟེན། མི་ཚེ་ཧྲིལ་བོར་བྱམས་བརྩེའི་ཉམས་ལེན་གནང་གལ་ཆེ་བཀའ་གནང་གི་འདུག
དབུ་འབྱེད་མཛད་སྒོར་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས། ཆོས་བརྒྱུད་ཁག་གཙོ་བའི་སྤྱི་འཐུས་རྣམ་པ་ཁག་ཅིག་དང་། ཕྱི་ནང་གི་སྦྱིན་བདག་སོགས་དད་ལྡན་མང་དུ་འདུས་པའི་སར། དགོན་པ་དེའི་དགོན་བདག་ཁམས་སྤྲུལ་རིན་པོ་ཆེ་སྐུ་ཐོག་དགུ་བ་བཤད་སྒྲུབ་ཉི་མ་མཆོག་ནས། བཤད་གྲྭ་འདི་ནི་ཁམས་སྤྲུལ་རིན་པོ་ཆེ་སྐུ་ཕྲེང་དང་པོས་མདོ་ཁམས་སུ་ཕྱག་བཏབ་པའི་ཁམས་པ་སྒར་གཞིར་བཞག་གི་རྒྱུན་ཡིན་པ་དང་། ཁམས་སྤྲུལ་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་དང་༧གོང་ས་སྐུ་ཕྲེང་ན་རིམ་གྱི་བར་ཆོས་སྲིད་ཀྱི་འབྲེལ་ལམ་ཟབ་མོ་ཡོད་པ་དང་། ལྷག་པར་ཁམས་སྤྲུལ་སྐུ་གོང་མ་དོན་བརྒྱུད་ཉི་མ་མཆོག་ནས་བཙན་བྱོལ་དུ་༧གོང་ས་མཆོག་ལ་དབུ་འོག་དཔུང་འདེགས་དང་། ༧གོང་ས་མཆོག་གིས་བརྩེ་གཟིགས་ཚད་མེད་གནང་བ་སོགས་བཀའ་སློབ་སྩལ་ག
ཁམས་པ་སྒར་འབྲུག་མཐོ་སློབ་ངྷརྨ་ཀཱ་ར་བཤད་གྲྭའི་ནང་དུ། ཁམས་སྤྲུལ་སྐུ་གོང་མའི་སྐབས་ནས་དཔལ་ནལེནྡྲའི་གཞུང་ཆེན་ཁག་སྔ་མོ་ནས་སློབ་གཉེར་གནང་སྲོལ་ཡོད་པ་རྒྱུན་བསྐྱངས་ཏེ་མཐོ་སློབ་རྒྱ་བསྐྱེད་ཀྱིས། རྒྱ་གར་དང་བལ་པོ། བོད་སོགས་ཀྱི་དོན་གཉེར་ཅན་ལ་སློབ་གཉེར་གྱི་གོ་སྐབས་བསྐྲུན་གྱི་ཡོད་ཅིང་། ཁམས་སྤྲུལ་རིན་པོ་ཆེ་སྐུ་ཕྲེང་དང་པོས་འབྲུག་པ་བཀའ་རྒྱུད་ཀི་བླ་མ་ལྷ་རྩེ་བ་ངག་དབང་བཟང་པོའི་སྐུ་མདུན་ནས་ཟབ་ཆོས་སྣ་མང་ཞུས་ཏེ། མདོ་ཁམས་དུ་ཕེབས་ནས་གདུལ་བྱ་རྒྱ་ཆེར་རྒྱས་པ་ལ་བརྟེན་ནས་རྒྱལ་བ་མདོ་ཁམས་པ་ཞེས་མཚན་སྙན་ཆེ་བའི་འབྲུག་པ་བཀའ་རྒྱུད་ཀྱི་སྐྱེས་ཆེན་དམ་པ་ཞིག་ཡིན་པ་དང་། སྐུ་ཕྲེང་ན་རིམ་གྱི་རིང་བོད་ནང་ཁམས་པ་སྒར་སོགས་དགོན་མ་ལག་མང་པོ་ཕྱག་འདེབས་ཀྱིས་བསྟན་པ་སྤྱི་དང་སྒོས་སུ་འབྲུག་པ་བཀའ་རྒྱུད་ཀྱི་བསྟན་པ་འཛིན་སྤེལ་ལ་ཕྱག་རྗེས་ཆེན་པོ་བཞག་མྱོང་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།