༧གོང་ས་མཆོག་གིས་རྒྱ་གར་གྲོས་ཚོགས་འཐུས་མིར་མཇལ་ཁ་དང་བཀའ་སློབ།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྲོས་ཚོགས་ཀྱིས་གཞུང་འབྲེལ་སྐད་ཡིག་ཐོག་ཆེད་བཙུགས་གྲོས་ཚོགས་ཀྱི་ཚོགས་ཆུང་ལ་མཇལ་ཁ་དང་བཀའ་སློབ་སྩལ་འདུག
-
2018-05-14 -
-
-
Your browser doesn’t support HTML5 audio
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྲོས་ཚོགས་ཀྱིས་གཞུང་འབྲེལ་སྐད་ཡིག་ཐོག་ཆེད་བཙུགས་གྲོས་ཚོགས་ཀྱི་ཚོགས་ཆུང་ལ་མཇལ་ཁ་དང་བཀའ་སློབ་སྩལ་འདུག
དེ་ཡང་སྤྱི་ཚེས་༡༤་ཉིན་༧གོང་ས་མཆོག་གིས་བཞུགས་སྒར་ཕོ་བྲང་དུ་རྒྱ་གར་གྲོས་ཚོགས་ཀྱིས་གཞུང་འབྲེལ་སྐད་ཡིག་ཐོག་ཆེད་བཙུགས་གྲོས་ཚོགས་ཀྱི་ཚོགས་ཆུང་འཐུས་མི་ཚོར་མཇལ་ཁ་དང་བཀའ་སློབ་སྩལ་གྲུབ་རྗེས། ཚོགས་ཆུང་གི་ཚོགས་གཙོ་(Prasanna Kumar Patasani)་མཆོག་ལ་འདི་གའི་རླུང་འཕྲིན་ཁང་གི་གསར་འགོད་པས་བཅར་འདྲི་ཞུས་པར། ཁོང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ང་ཚོ་གྲོས་ཚོགས་འཐུས་མི་ཚོ་མཇལ་སྐབས་ཐུགས་མཉེས་པོ་གནང་སོང་། ང་ཚོ་རྒྱ་གར་དང་བོད་པ་བར་ཐུན་མོང་མ་ཡིན་པའི་འབྲེལ་བ་དམ་ཟབ་དང་སྐད་ཡིག་ལ་དགའ་མོས། རྒྱལ་ཁབ་ལ་དགའ་ཞེན་ཡོད་པས་གཞུང་འབྲེལ་སྐད་ཡིག་ཧིན་རྡུ་སྐད་ཡིག་བདག་ཉར་ཐོག་རྒྱ་གར་གྱི་རིག་གཞུང་གོང་འཕེལ་ཆེད་མཐུན་འགྱུར་གང་ཡོད་གནང་གི་ཡིན་ཞེས་བཀའ་ཕེབས་སོང་བས་ང་ཚོ་ཚང་མ་དགའ་ཚོར་ཆེན་པོ་བྱུང་ཞེས་གསུངས་འདུག
ཡང་གྲོས་ཚོགས་འཐུས་མི་གཞན་ཞིག་གིས་ང་ཚོ་གྲོས་ཚོགས་འཐུས་མི་ཚོས་༧གོང་ས་མཆོག་གི་མཇལ་ཁའི་སྐབས་༧གོང་ས་མཆོག་གིས་འཛམ་གླིང་ཞི་བདེ་དང་། གཅིག་གྱུར་གྱི་འདུ་ཤེས། གཞན་ཕན་གྱི་ལས་དོན་སྒྲུབ་དགོས་པའི་སྐོར་གསུངས་གནང་སོང་ཞེས་ངོ་སྤྲོད་གནང་འདུག
རྒྱ་གར་གཞུང་འབྲེལ་སྐད་ཡིག་ཧིན་རྡུ་དེ་གཞུང་འབྲེལ་བེད་སྤྱོད་ཡོང་གི་ཡོད་མེད་སོགས་ཀྱི་ཐད་གྲོས་ཚོགས་ཀྱི་ཆེད་འཛུགས་ཚོགས་ཆུང་གིས་ཞིབ་འཇུག་དང་འབྲེལ་རྒྱ་གར་སྲིད་འཛིན་མཆོག་ལ་དེའི་སྐོར་སྙན་ཐོ་དང་རྒྱབ་གཉེར་འབུལ་དགོས་ཀྱི་ཡོད་ཅིང་། ཁོང་རྣམས་ད་རེས་བཞུགས་སྒར་རྡ་རམ་ས་ལར་གཞུང་འབྲེལ་ལས་དོན་ཆེད་ཕེབས་ཡོད་པ་རེད་འདུག
གསར་འགོད་པ་གུ་རུ་ཆོས་སྐྱིད།