༧གོང་ས་མཆོག་གིས་རྒྱ་གར་གྱི་བདམས་ཐོན་སྲིད་འཛིན་མཆོག་ལ་དགའ་བསུའི་འཚམས་འདྲི་མཛད་འདུག
སྤྱི་ནོར༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་མི་མང་གིས་བདམས་ཐོན་བྱུང་བའི་རྒྱ་གར་གྱི་སྲིད་འཛིན་གསར་བར་དགའ་བསུའི་འཚམས་འཕྲིན་བསྩལ་གནང་མཛད་འདུག
- 2022-07-21
-
-
-
དེ་ཡང་སྐུ་སྒེར་ཡིག་ཚང་གི་དྲ་རྒྱའི་སྟེང་སྤེལ་བའི་གནས་ཚུལ་ལྟར་ན། འདི་ཚེས་༢༡ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལྕམ་སྐུ་(Droupadi Murmu)་མཆོག འཛམ་གླིང་སྟེང་གི་མི་འབོར་མང་ཤོས་ཀྱི་མང་གཙོའི་རྒྱལ་ཁབ་རྒྱ་གར་གྱི་སྲིད་འཛིན་དུ་བདམས་ཐོན་བྱུང་བར་འཚམས་འདྲི་དང་རྟེན་འབྲེལ་ཞུས་ནས་མ་འོངས་ལས་དོན་ཁག་ལེགས་འགྲུབ་ཡོང་ཐུགས་སྨོན་མཛད་འདུག
༧གོང་ས་མཆོག་གིས་འཚམས་འཕྲིན་ནང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་རྒྱ་གར་ནི་མེད་དུ་མི་རུང་བ་ཞིག་ཆགས་བཞིན་པར་ངོས་འཛིན་བྱེད་བཞིན་པའི་སྐབས་འདིར། གང་ཉིད་ཀྱིས་གཟི་བརྗིད་ལྡན་པའི་འགན་ཁུར་དུ་བཞེས་པ་རེད། ངོས་རང་རྒྱ་གར་ལ་དགའ་གུས་གཏིང་ཟབ་ཡོད། རྒྱ་གར་གྱི་མགྲོན་པོ་རྒྱུན་རིང་ཤོས་ཤིག་ཡིན་པའི་ཆ་ནས་རྒྱ་གར་ནང་ས་ཕྱོགས་གང་སར་བསྐྱོད་རྒྱུའི་གོ་སྐབས་བྱུང་ལ། ལོ་ངོ་སྟོང་ཕྲག་རིང་། རྒྱ་གར་གྱིས་(Karuna)་དང་འཚེ་བ་མེད་པའི་སྲོལ་རྒྱུན་རྒྱུན་ཁྱོངས་ཐུབ་ཡོད་པ་མ་ཟད། མེས་པོ་གྷན་རྡི་(Gandhi)་མཆོག་གིས་འཚེ་མེད་ཞི་བའི་ཐབས་ལམ་གྱི་རྩ་དོན་དེ་ཀུན་ཁྱབ་ཀྱི་ངོ་བོར་སྤེལ་ཡོད། དེ་ཡིས་མི་སྒེར་དང་། ཡང་ན་གོ་ལ་ཧྲིལ་བོའི་ནང་ཞི་བདེ་བསྐྲུན་སྲིད་པ་རེད། རྒྱ་གར་ནི་ཆོས་ལུགས་འཆམ་མཐུན་གྱི་མིག་དཔེ་མིང་དོན་མཚུངས་པ་དེ་ཡིན་ཞིང་། སྤྱི་ཚོགས་གནས་རིམ་འདྲ་མིན་གྱི་མི་རྣམས་ཀྱི་མཉམ་གཅིག་ཏུ་འཚོ་བ་རོལ་བཞིན་ཡོད་ཅེས་དང་། དེ་མིན་ཡང་༧གོང་ས་མཆོག་གིས། ངོས་ཀྱིས་ནམ་རྒྱུན་ང་ནི་རྒྱ་གར་གྱི་བུ་ཡིན་ཞེས་ལབ་བཞིན་ཡོད། ངོས་ཀྱི་བསམ་བློ་གཏོང་སྟངས་ལ་ནང་ཆོས་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། སྐུ་ཉིད་ཀྱིས་མཁྱེན་གསལ་ལྟར། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ལྟ་གྲུབ་ནི་དཔལ་ནཱ་ལེན་དྲའི་མཁས་པའི་ཚོགས་ཀྱི་དགོངས་པའི་རྒྱུན་ཆགས་ཡོད་ཅེས་གསུངས་གནང་འདུག
མཐར་༧གོང་ས་མཆོག་གིས། ངོས་དང་ངོས་ཀྱི་མི་དམངས་ལ་རྒྱ་གར་གཞུང་དམངས་གཉིས་ཀྱིས་རྒྱབ་སྐྱོར་ཆེན་པོ་གནང་ཡོད་ལ། ང་ཚོས་ཐབས་བརྒྱ་ཇུས་སྟོང་གིས་ང་ཚོ་རང་གི་ངོ་བོ་སྲུང་སྐྱོབ་བྱེད་བཞིན་པ་དང་། ཆབས་ཅིག་ཏུ་ང་ཚོའི་ཆོས་ལུགས་དང་རིག་གནས་སྲུང་བྱེད་བཞིན་ཡོད། ངོས་ཀྱི་གོ་སྐབས་འདི་དང་མཉམ་དུ་འདས་པའི་མི་ལོ་༦༣་རིང་རྒྱ་གར་གཞུང་དམངས་གཉིས་ཀྱིས་ཁ་ཞེ་གཉིས་མེད་ཀྱི་ཐོག་ནས་ང་ཚོར་རྒྱབ་སྐྱོར་ཆེན་པོ་གནང་བར་ཐུགས་རྗེ་ཆེ་ཞུ་འདོད་བྱུང་ཞེས་འཚམས་འཕྲིན་ནང་བཀོད་འདུག
གསར་འགོད་པ། སྟག་ལྷ་རྒྱལ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།