སྤྱི་ཚོགས་ནང་རིགས་རུས་དབྱེ་འབྱེད་གྱི་ལམ་སྲོལ་དོར་དགོས
བོད་ནང་མགར་བ་དང་བཤན་པའི་རིགས་དགོན་པའི་སྒྲིག་ཁོངས་སུ་འཇུག་གི་མེད་པ་༧གོང་ས་མཆོག་གིས་མཁྱེན་རྟོགས་བྱུང་བ་གསུངས་འདུག
-
2014-06-27 -
-
-
བོད་ནང་མགར་བ་དང་བཤན་པའི་རིགས་དགོན་པའི་སྒྲིག་ཁོངས་སུ་འཇུག་གི་མེད་པ་༧གོང་ས་མཆོག་གིས་མཁྱེན་རྟོགས་བྱུང་བ་གསུངས་འདུག
དེ་ཡང་གནས་ཚུལ་ལྟར་ན། ཟླ་འདིའི་ཚེས་༢༥ ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ཟངས་དཀར་ཁུལ་དུ་དད་ལྡན་སེར་སྐྱ་མང་ཚོགས་༦༠༠༠ བརྒལ་བར་སྤྱན་རས་གཟིགས་ཀྱི་བཀའ་དབང་མ་སྩལ་སྔོན་རིགས་རུས་དབྱེ་འབྱེད་བྱེད་རྒྱུ་མེད་པའི་སྐོར་ལམ་སྟོན་བཀའ་སློབ་གནང་ཡོད་པ་དང་། ༧གོང་ས་མཆོག་གིས། རྒྱ་གར་ནང་ལོ་ངོ་སྟོང་ཕྲག་གི་གོང་ནས་རིགས་རུས་དབྱེ་འབྱེད་བྱེད་རྒྱུའི་ལམ་སྲོལ་ཡོད་པའི་རྒྱབ་ལྗོངས་ལོ་སྒྱུས་ངོ་སྤྲོད་གནང་པ་དང་། རིགས་དམན་པ་ལ་མཐོང་ཆུང་ཁྱད་གསོད་ཀྱི་དཀའ་ངལ་ལས་སྐྱོབ་ཐབས་ཆེད་༡༩༥༦ ལོར་Dr.Ambedkarཡིས་སྣེ་ཁྲིད་དེ་རྒྱ་གར་གྱི་རིགས་དམན་པ་དེ་དག་གི་ཆེད་དུ་ཁོང་ཉིད་རང་ནང་ཆོས་ལ་བསྒྱུར་བ་དང་། སྤྱིར་རིགས་དམན་དེ་དག་གིས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་ལྟ་གྲུབ་དང་ཆོས་ཉམས་ལེན་བྱ་ཕྱོགས་སོགས་ཀྱི་ཐད་འདོད་བློ་ཁེངས་པའི་མཁྱེན་རྒྱ་དེ་ཙམ་མེད་ཀྱང་ད་ལྟ་རྒྱ་གར་ནང་རིགས་དམན་པ་ནང་ཆོས་ལ་ཞུགས་མཁན་ས་ཡ་ཁ་ཤས་ཡོད་པ་སོགས་གནས་ལུགས་གསལ་འདོན་གནང་བ་དང་། དེ་བཞིན་བོད་ནང་གི་ས་ཁུལ་ཁག་གཅིག་ལ་རིགས་དམན་པ་མགར་བ་དང་བཤན་པ་ལྟ་བུ་ཡིན་ན། དགོན་པའི་སྒྲིག་ཁོངས་སུ་འཇུག་གི་མེད་པའི་གནས་ཚུལ་མཁྱེན་རྟོགས་བྱུང་བ་གསལ་འདོན་གནང་སྟེ་དེ་དག་ནི་བཅོམ་ལྡན་འདས་ཀྱི་དགོངས་པ་དང་རྒྱབ་འགལ་ཕྱིན་ཡོད་པའི་སྐོར་ནན་སྐུལ་གནང་འདུག དེ་སྔ་༧གོང་ས་མཆོག་ལ་དྭགས་ཁུལ་དུ་ཆིབས་བསྒྱུར་སྐབས་ལ་དྭགས་ནང་རྫ་རྔ་བཟོ་རྡུང་བྱེད་མཁན་རྣམས་རིགས་དམན་པར་བརྩིས་ཏེ་ལྟོ་མཉམ་ཟས་བྱེད་ཀྱི་མེད་པ་མ་ཟད། དགེ་འདུན་པ་དེ་དག་གི་ཁྱིམ་ཚང་ནང་ཆོས་བྱེད་པར་འགྲོ་གི་མེད་པ་སོགས་རིགས་དམན་དབྱེ་འབྱེད་ཀྱི་གནས་ཚུལ་མཁྱེན་རྟོགས་བྱུང་བ་དང་། ༧གོང་ས་མཆོག་ནས་སྐབས་དེར་བྱེད་སྟངས་དེ་རིགས་མཚམས་འཇོག་ཡོང་བའི་ལམ་སྟོན་བཀའ་སློབ་སྩལ་ཡོད་པའི་སྐོར་དྲན་སྐུལ་གནང་བ་དང་། འོན་ཀྱང་ད་ལྟ་ཡང་འདི་གར་རིགས་མཐོ་དམན་གྱི་སྐད་ཆ་བཤད་དེ་རྙོག་དྲ་བྱུང་ཡོད་པ་དེ་དག་བློ་ཕམ་དང་ཧ་ཅང་ཐབས་སྐྱོ་པོ་ཞིག་ཡིན་པར་གསུངས་ནས་གལ་ཏེ་ལ་དྭགས་པ་ཚོས་༧གོང་ས་མཆོག་ལ་ཡིད་ཆེས་དང་དད་པ་ཡོད་ཚེ་༧གོང་ས་མཆོག་གི་ལམ་སྟོན་བཀའ་སློབ་དེ་དག་ལག་བསྟར་བྱེད་དགོས་པ་དང་། རིགས་རུས་དབྱེ་འབྱེད་ཀྱི་གནས་ཚུལ་དེ་རིགས་མུ་མཐུད་ལག་བསྟར་བྱས་ན། བླ་མའི་བཀའ་དང་འགལ་བ་མ་ཟད། དམ་ཚིག་ཉམས་པ་ཡིན་ལུགས་སོགས་ཀྱི་བཀའ་སློབ་བསྩལ་འདུག
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།