རྒྱ་ནག་གཞུང་གིས་ཞིབ་འཇུག་བྱ་དགོས་ཀྱི་རེད་གསུངས།

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ནང་དུ་བོད་མི་ཚོས་རང་ལུས་མེར་བསྲེག་གཏོང་དགོས་པའི་དངོས་ཡོད་ཀྱི་རྒྱུ་རྐྱེན་ག་རེ་ཡིན་པ་རྒྱ་ནག་གཞུང་གིས་ཞིབ་འཇུག་བྱ་དགོས་ཀྱི་རེད་ཅེས་གསུངས་འདུག

དེ་ཡང་ཚེས་༡༢ རེས་གཟའ་ཟླ་བའི་ཉིན་ཉི་ཧོང་གི་གྲོང་ཁྱེར་Okinawa དུ་ཚོགས་པའི་གསར་འགོད་ལྷན་ཚོགས་ཐོག་གསར་འགོད་པས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བོད་ནང་གི་ཛ་དྲག་གི་གནས་སྟངས་སྐོར་བཀའ་འདྲི་ཞུས་པའི་སྐབས། བོད་ནང་དུ་རང་ལུས་མེར་བསྲེག་གཏོང་བའི་གནས་སྟངས་ཧ་ཅང་གི་ཡིད་སྐྱོ་དགོས་པ་ཞིག་རེད། འོན་ཀྱང་རྒྱ་ནག་གཞུང་གིས་བོད་མི་ཚོས་རང་ལུས་མེར་བསྲེག་གཏོང་དགོས་པའི་དངོས་ཡོད་ཀྱི་རྒྱུ་རྐྱེན་ག་རེ་ཡིན་པ་རྩ་བ་ནས་ཞིབ་འཇུག་མི་བྱེད་པར་དེ་ལས་ལྡོག་ཏེ་བོད་ནང་གི་དཀའ་ངལ་ཡོངས་རྫོགས་ང་ཚོས་བྱས་པ་རེད་ཟེར་ནས་ཚུར་ཁ་གཡོག་བྱེད་ཀྱི་འདུག  དཔེར་ན་རྒྱ་ནག་གི་སྲིད་བློན་Wen Jiabao གྱིས་༢༠༠༨ ལོའི་བོད་ནང་ཞི་རྒོལ་ཆེན་པོ་བྱུང་བ་དེ་དག་ང་ཚོས་བྱས་པ་རེད་ཟེར་ཁ་གཡོག་བྱས་ཡོད་པ་རེད། འོན་ཀྱང་ངོས་ནས་རྒྱ་ནག་གི་དཔོན་རིགས་རྡ་རམ་སར་ཡོང་སྟེ་ང་ཚོས་བརྒྱུད་སྐུལ་བྱས་ཡོད་མེད་ཞིབ་འཇུག་བྱས་ན་འགྲིག་གི་རེད་ཅེས་ཡང་ཡང་རེ་འདུན་བྱས་ཡོད། ཉེ་ཆར་ཡང་རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་དཔོན་རིགས་ཤིག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བསྐྱར་དུ་ངོས་ལ་ཁ་གཡོག་བྱས་བྱུང༌། ངོས་ནས་དུས་རྟག་ཏུ་རྒྱ་ནག་གི་དཔོན་རིགས་ལ་ངའི་བྱ་སྤྱོད་དང་གཏམ་བཤད་ལ་ཞིབ་འཇུག་བྱེད་དུ་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བརྗོད་ཀྱི་ཡོད་ཅེས་བཀའ་གནང་ཡོད་པ་རེད། གསར་འགོད་ལྷག་ཚོགས་དེའི་ཐོག་Kyodo གསར་འགྱུར་ལས་ཁང་དང༌། Okinawa བརྙན་འཕྲིན་ལས་ཁང་སོགས་གསར་འགྱུར་ལས་ཁང་མི་འདྲ་ཁག་གི་གསར་འགོད་པ་༢༠ ཙམ་འདུ་འཛོམས་བྱུང་ཡོད་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org