མའི་བརྩེ་བ་ཧ་ཅང་རྩ་ཆེན་པོ་རེད་ཅེས། ༸གོང་ས་མཆོག་གིས་ཧར་ཝར་ཌི་སློབ་ཆེན་གྱི་དགེ་རྒན་དང་ཞིབ་འཇུག་པ་ཁག་ཅིག་ལ་བཀའ་བསྩལ་བ།
- 2024-04-08
-
-
-
ཨ་མི་རི་ཀའི་ནང་གི་ཧར་ཝར་ཌི་སློབ་ཆེན་གྱི་ཁེ་ནི་ཌིའི་སློབ་གྲྭའི་མགོ་ཁྲིད་དང་བདེ་སྐྱིད་ཞིབ་འཇུག་ཁང་སོགས་ཀྱི་དགེ་རྒན་ཆེན་མོ་དང་ཞིབ་འཇུག་པ།སློབ་ཕྲུག་བཅས་དང་ལྷན། བོད་མིའི་དབུ་ཁྲིད་༸གོང་ས་མཆོག་གིས་ཆོས་ཕྱོགས་དང་འབྲེལ། མགོ་ཁྲིད་ཚོས་གཞན་ལ་བྱམས་བརྩེ་གནང་ཐབས་དང་བདེ་སྐྱིད་བསྐྲུན་ཐབས་ཀྱི་ལམ་སྟོན་ལྷན་ཚོགས་ཤིག་བཞུགས་སྒར་ཕོ་བྲང་དུ་སྤྱི་ཟླ་ ༤ པའི་ཚེས་ ༨ ནས་ ༩ ཉི་མ་གཉིས་རིང་གནང་བཞིན་པའི་ཉིན་དང་པོར། ༸གོང་ས་མཆོག་གིས་མིའི་རྣམ་དཔྱོད་ཀྱིས་བསམ་བློ་གཏོང་རྒྱུའི་ནུས་པ་ཡར་བསྐྱེད་མ་བྱུང་གོང་ནས། མའི་བརྩེ་བས་བསྐྱངས་པ་ནི་ང་ཚོ་ལ་ཉམས་མྱོང་གཏིང་ཟབ་ཤོས་ཤིག་ཡིན་པས། མི་ཙམ་མ་ཟད་དུད་འགྲོ་ཚོ་ལའང་མ་ཡི་བརྩེ་བ་ནི་ཧ་ཅང་རྩ་ཆེན་པོ་རེད་ཅེས་ལམ་སྟོན་གནང་གི་འདུག
བརྩེ་བ་ཡོད་ན་རང་གི་སེམས་དེ་ཞི་བདེ་ཡོང་བ་དང་མི་ཚང་མར་རང་བཞིན་གྱིས་ཉེ་བོ་ཆགས་བསྡད་པ་ཅིག་དང་། འཛམ་གླིང་གི་རྙོག་དྲ་ཚང་མ་བརྩེ་བས་མ་འདང་བར་བརྟེན་ནས་ཡོང་གི་ཡོད་པ་ལམ་སྟོན་ཕེབས་སོང་།
ཨ་མི་རི་ཀའི་ཧར་ཝར་ཌི་སློབ་ཆེན་གྱི་ཁ་ན་ཌི་སློབ་གྲྭའི་མགོ་ཁྲིད་དང་བདེ་སྐྱིད་ཞིབ་འཇུག་ཁང་གི་འགན་འཛིན་ Recee Brown ལགས་ནས་འགྲེལ་བརྗོད་གནང་དོན་ལ། ཁོང་གིས་ང་ཚོ་༸གོང་ས་མཆོག་དང་ལྷན་ཚོགས་གནང་དོན་ནི། མགོ་ཁྲིད་ཚོ་བདེ་སྐྱིད་བསྐྲུན་པར་ལམ་སྟོན་གནང་ཐུབ་པའི་དགེ་རྒན་ཞིག་ཡོང་བར་ཁོ་ཚོ་ལ་སློབ་སྦྱོང་ལམ་སྟོན་འཐོབ་ཆེད་ཡིན་པས། ང་ཚོ་ལ་ལོ་རེ་བཞིན་དུ་བརྗོད་གཞི་མི་འདྲ་བ་རེ་ཡོད་པ་ལས་ནང་དོན་རིག་པའི་བརྗོད་བྱ་ཁག་ལའང་གོ་བསྡུར་གནང་གི་ཡོད་པ་དང་། འཛམ་གླིང་འདི་སྔར་ལས་ལེགས་པ་ཞིག་ཡོང་ཆེད། ང་ཚོའི་ཉིན་རེའི་འཚོ་བ་དང་ཚད་ཐིག་ལས་བརྒལ་ཏེ་གཞན་གཅེས་འཛིན་དང་། གཞན་ལ་བྱམས་བརྩེ་ཇི་ལྟར་བྱ་ཚུལ་སོགས་གོ་བསྡུར་གནང་ཡོད་པ་འགྲེལ་བརྗོད་གནང་སོང་།
ཡང་ཚོགས་བཅར་བ་ཨ་མི་རི་ཀའི་ཧར་ཝར་ཌི་ཚོང་ལས་སློབ་ཆེན་གྱི་ནང་འཛིན་སྐྱོང་གི་དགེ་རྒན་ཆེན་མོ་ Arthur C. Brooks ལགས་ནས། གལ་ཏེ་ང་ཚོས་༸གོང་ས་མཆོག་གི་ལམ་སྟོན་རྒྱ་ཁྱབ་ཏུ་སྤེལ་ཐུབ་ན། འཛམ་གླིང་གི་གནས་སྟངས་ཇེ་བཟང་དུ་འགྲོ་རྒྱུ་མ་ཟད་ཕལ་ཆེར་འཛམ་གླིང་སྐྱོབ་ཐུབ་ཀྱི་ཡོད་པར་བརྟེན། ང་རང་གི་མི་ཚེ་དང་ནུས་པ་དེ་༸གོང་ས་མཆོག་གི་དགོངས་པ་ཁྱབ་སྤེལ་ཆེད་གཏོང་གི་ཡོད་པ་དང་། སོ་སོའི་ལས་ཀ་དོན་སྙིང་ལྡན་པ་ཞིག་བྱེད་པར་བརྩེ་བའི་ཀུན་སློང་དགོས་གལ་ཆེན་པོ་རེད་ཅེས་འགྲེལ་བརྗོད་གནང་དོན་ལ། ཚོང་པ་དང་ཚོང་ལས་སློབ་གྲྭ་ཞིག་ལ་མཚོན་ན། ཚོང་གིས་མཚོན་ལས་ཀ་ཅི་ཞིག་བྱས་ཀྱང་བྱམས་བརྩེའི་གཞི་རྐང་མེད་པར་དོན་སྙིང་ཅི་ཡང་མེད་པ་དང་། སོ་སོ་གཞན་ལ་རྟེན་འབྱུང་ལྟོས་གྲུབ་ཡིན་པ་དང་རང་ཉིད་མི་ཐེར་འབུམ་བརྒྱད་ཀྱི་ནང་གི་གཅིག་ཡིན་པའི་དངོས་ཡོད་གནས་ཚུལ་ཤེས་མ་ཐུབ་ཕྱིན། ཁྱེད་རང་ཇི་ཙམ་དབང་ཐང་ཡོད་པའི་མགོ་ཁྲིད་ཅིག་ཡིན་ནའང་ཕན་ཐོགས་གང་ཡང་མེད་ཁར་ཡག་པོའང་མ་རེད། སོ་སོའི་ལས་ཀ་དོན་སྙིང་ལྡན་པ་ཞིག་ཡོང་བར་བྱམས་བརྩེའི་རྩ་བ་ཅན་ཡིན་དགོས་ཞེས་པ་དེ། ༸གོང་ས་མཆོག་གི་ལམ་སྟོན་གལ་འགངས་ཆེ་ཤོས་དེ་རེད་ཅེས་འགྲེལ་བརྗོད་གནང་སོང་།
ཡང་ཧར་ཝར་ཌི་ཁེ་ནེ་ཌའི་སློབ་གྲྭའི་བདེ་སྐྱིད་དང་མགོ་ཁྲིད་ཚོད་བལྟ་ཁང་གི་ཞིབ་འཇུག་པ་ Tarinee Kucchal ལགས་ནས། ཁོ་ཚོས་༸གོང་ས་མཆོག་དང་ལྷན་ཚོགས་གནང་བ་དེ་ཧ་ཅང་ཡག་པོ་བྱུང་བ་འགྲེལ་བརྗོད་གནང་དོན་ལ། ད་རེས་༸གོང་ས་མཆོག་གིས་བརྩེ་བའི་སྐོར་མང་པོ་བཀའ་གནང་སོང་བ་དང་། ཁོང་ནི་བརྩེ་བའི་བདག་ཉིད་ཆེན་པོ་ཞིག་ཡིན་པར་ཐེ་ཚོམ་མི་དགོས་པར་ཧ་ཅང་མངོན་གསལ་དོད་པོ་རེད། ང་ཚོ་ལྷན་ཚོགས་ཀྱི་རྗེས་གང་འཚམས་ས་ལ་བསྡད་སྐབས་ཚང་མའི་སེམས་ནང་བཤད་མི་ཤེས་པའི་ཚོར་བ་ཞིག་བྱུང་སོང་སྙམ་ལ། ཁོང་གི་ལམ་སྟོན་ནི་ང་ཚོས་འབྲེལ་ལམ་དང་ལས་ཀ་སོགས་ཅི་བྱས་ཀྱང་། ཕན་ཚུན་བྱམས་བརྩེ་ནི་ཀུན་སློང་གི་སྙིང་པོར་བཞག་སྟེ་ཉམས་ལེན་བྱེད་སྟངས་སྐོར་ཁ་ཡོད་ལག་ཡོད་ཀྱི་ལམ་སྟོན་ཁག་ཅིག་གནང་བ་དང་། མཐར་ཐུག་བརྩེ་བ་ནི་བདེ་སྐྱིད་དང་བདེན་པ་ཡིན་པའི་སྐོར་གསུང་བ་འགྲེལ་བརྗོད་གནང་སོང་།
ལྷན་ཚོགས་འདིར་འཛམ་གླིང་དུ་སྙན་གྲགས་ཆེ་བའི་ཧར་ཝར་ཌི་སློབ་ཆེན་གྱི་སེམས་ཁམས་རིག་པ་བ་དང་། སྤྱི་ཚོགས་ཉམས་ཞིབ་པ་དང་དགེ་རྒན་ཆེན་མོ་སོགས་མི་སྣ་འདྲ་མིན་ ༤༠ ལྷག་ཆེད་དུ་བཅར་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།