རྒྱབ་མདུན་ངོ་ལྐོག་མེད་པར་དྲང་བདེན་གྱི་གནས་ཚུལ་སྤེལ་དགོས།
གསར་འགོད་པ་ཚོས་རྒྱབ་མདུན་ངོ་ལྐོག་མེད་པར་དྲང་བདེན་དང་དོན་སྙིང་ལྡན་པའི་གནས་ཚུལ་སྤེལ་དགོས་པ་༧གོང་ས་མཆོག་གིས་གསུངས་འདུག
-
2017-03-29 -
-
-
གསར་འགོད་པ་ཚོས་རྒྱབ་མདུན་ངོ་ལྐོག་མེད་པར་དྲང་བདེན་དང་དོན་སྙིང་ལྡན་པའི་གནས་ཚུལ་སྤེལ་དགོས་པ་༧གོང་ས་མཆོག་གིས་གསུངས་འདུག
དེ་ཡང་ཕྱི་ཟླ་ ༣ ཚེས་ ༢༩ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཁུལ་གྱི་རྒྱ་གར་གྱི་གསར་འགོད་པ་ཁག་ཅིག་དང་མཇལ་འཕྲད་གནང་ཞིང་། སྐབས་དེར་རྒྱ་གར་གྱི་གསར་འགོད་པ་ཁྱོན་མི་གྲངས་ ༣༧ ཆེད་བཅར་ཞུས་འདུག
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གསར་འགོད་པ་རྣམས་ལ་གསར་འགོད་པ་ཚོས་གནས་ཚུལ་གང་སྤེལ་ཡང་རྒྱབ་མདུན་ངོ་ལྐོག་མེད་པར་དྲང་བདེན་དང་དོན་སྙིང་ལྡན་པ་ཞིག་སྤེལ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པའི་སྐོར་བཀའ་སློབ་སྩལ་བ་དང་། ལྷག་པར་དེང་སྐབས་ས་ཕྱོགས་གང་སར་མི་རྣམས་ལ་དཀའ་ངལ་མང་དག་ཅིག་འཕྲད་བཞིན་པའི་སྐབས་འདིར་གསར་འགྱུར་བརྒྱུད་ལམ་ཁག་ལ་འགྲོ་བ་མིའི་རིན་ཐང་གོང་མཐོ་དང་ཆོས་ལུགས་མཐུན་སྒྲིལ་གོང་སྤེལ་གཏོང་རྒྱུའི་འགན་འཁྲི་ཆེན་པོ་ཞིག་ཡོད་པ་རེད་ཅེས་དང་། དམངས་གཙོའི་སྤྱི་ཚོགས་ནང་མི་དམངས་ཚོར་དངོས་ཡོད་གནས་ཚུལ་ཤེས་རྒྱུའི་ཐོབ་ཐང་ཡོད་སྟབས་གསར་འགོད་པ་ཚོས་མི་དམངས་ཚོར་ཕྱོགས་ལྷུང་མེད་པའི་དངོས་ཡོད་གནས་ཚུལ་མཁོ་སྤྲོད་བྱེད་རྒྱུ་གལ་ཆེ་ཡིན་པ་བཀའ་གནང་ཡོད་པ་རེད།
དེ་བཞིན་༧གོང་ས་མཆོག་གིས་རྒྱ་གར་གྱི་གསར་འགོད་པ་ཚོས་རྒྱལ་སྤྱིའི་སྟེང་འགྲོ་བ་མིའི་རིན་ཐང་དང་། ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་རྒྱུ་དང་། དམིགས་བསལ་རྒྱ་གར་གྱི་གནའ་བོའི་རིག་གཞུང་བཟང་པོ་དེ་དག་མི་ཉམས་གོང་སྤེལ་གཏོང་རྒྱུའི་ཐད་འབད་བརྩོན་མང་ཙམ་གནང་དགོས་པ་དང་། དེ་བཞིན་རྒྱ་གར་ལ་དེང་དུས་ཚན་རིག་གི་ཤེས་བྱ་དང་གནའ་བོའི་ལེགས་བྱང་གཉིས་ཟུང་འབྲེལ་ཐོག་ནས་སྤྱི་ཚོགས་ཞི་བདེ་དང་དྲང་བདེན་ལྡན་པ་ཞིག་བཟོ་རྒྱུའི་ནུས་པ་དང་གོ་སྐབས་གཉིས་ཀ་ཡོད་ཅེས་བཀའ་སློབ་སྩལ་འདུག
གསར་འགོད་པ་འཆི་མེད།