༧གོང་ས་མཆོག་གི་སྐུ་ཁམས་གསལ་ཐང་ངང་བཞུགས་ཡོད་པ།
༧གོང་ས་མཆོག་གི་སྐུའི་འཕྲོད་བཞེས་བཟང་པོ་ཡོད་པ་དང་དད་ལྡན་ཚོར་ཆོས་འབྲེལ་གནང་ནས་སྐུ་ཉིད་སྐུ་ཁམས་གསལ་ཐང་ཡོད་པ་གསུངས་འདུག
-
2016-02-22 -
-
-
Your browser doesn’t support HTML5 audio
༧གོང་ས་མཆོག་གི་སྐུའི་འཕྲོད་བཞེས་བཟང་པོ་ཡོད་པ་དང་དད་ལྡན་ཚོར་ཆོས་འབྲེལ་གནང་ནས་སྐུ་ཉིད་སྐུ་ཁམས་གསལ་ཐང་ཡོད་པ་གསུངས་འདུག
དེ་ཡང་འདི་གའི་ཆེད་གཏོང་གསར་འགོད་པས་ཨ་རིའི་Minneapolisནས་གནས་ཚུལ་སྤེལ་བ་ལྟར་ན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་གཉིས་པའི་ཚེས་༢༡ཉིན། ཨ་མི་རི་ཀའི་Rochesterས་གནས་ནས་ཐག་ཉེ་བའི་Minneapolis Convention Centerཞེས་པའི་ཚོགས་ཁང་ནང་ཆོས་འབྲེལ་བཀའ་སློབ་ཆེད་ཕེབས་སྐབས། མེ་ཎེ་སུ་ཀྲར་མངའ་སྡེའི་གྲོས་ཚོགས་འཐུས་མི་དང་། Minneapolisགྲོང་ཁྱེར་སྤྱི་ཁྱབ་ནས་༧གོང་ས་མཆོག་ལ་མཇལ་དར་ཕུལ་ནས་དགའ་བསུ་ཞུས་གནང་པ་དང་། ཚོགས་ཁང་དུ་ཞབས་སོར་འཁོད་པ་དང་མེ་ཎེ་སུ་ཀྲར་བོད་མིའི་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་སྨན་པ་ཚེ་དབང་དངོས་གྲུབ་ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་གྲུབ་པའི་རྗེས་ལ་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེ་པོ་མཆོག་གིས། བློ་སྦྱོང་ཚིག་བརྒྱད་མའི་བཀའ་ཆོས་གནང་ཡོད་པ་དང་། ཆོས་འབྲེལ་རྗེས་བོད་མི་ཚོར་ཆེད་དུ་༧གོང་ས་མཆོག་གིས་སྐུ་ཉིད་ཀྱི་སྐུ་གཟུགས་བདེ་ཐང་ཡིན་སྐོར་གསུངས་དོན། “དེ་རིང་འདིར་ཧ་ལམ་ཟླ་བ་གཅིག་ལྷག་ཅིག་འགྲོ་བསྡད་ཡོད་པ་རེད། སྨན་བཅོས་ལས་སླ་བོ་ཞེ་དྲག་འདུག ཆུ་ཚོད་མང་ཆེ་བར་ངལ་གསོ་བརྒྱབ་ནས་འདུག་རྒྱུ་དེ་རེད། ཟ་མ་རྒྱག་ཚད་ཟོས། གཉིད་རྒྱག་ཚད་ཉལ། ཉིན་རེར་ང་རང་གི་ཁ་འདོན་དེ་ཞོགས་པ་ཆུ་ཚོད་བཞི་དང་། དགོང་མོ་ཆུ་ཚོད་གཅིག་བཅས་ཉིན་རེར་ཆུ་ཚོད་༥ཙམ་དགོས་ཀྱི་འདུག བར་ནས་དཔེ་ཆ་ཏོག་ཙམ་བཀླགས་ཏེ་ང་རང་ངལ་གསོ་སྐྱིད་པོ་ཞེ་དྲགས་བྱུང་།
འདིར་ཡོད་པའི་ཁྱེད་རང་ཚོ་ཡིན་ན་འདྲ། ས་ཁུལ་གང་ས་གང་དུ་ཡོད་པའི་བོད་མི་ཚོས་ང་འདིར་སྨན་བཅོས་བྱེད་ཀྱི་ཡོད་པ་རེད་ཟེར་ནས་ཚང་མས་སྨོན་ལམ་རྒྱག་པ་དང་ཞབས་བརྟན་བྱེད་པ་སོགས་མང་པོ་བྱས་འདུག ལྷག་པར་དུ་བོད་ནང་དུའང་མང་པོ་བྱས་འདུག ཁ་ཤས་ལ་དཀའ་ངལ་འཕྲད་པའང་བྱུང་འདུག ཚང་མ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ང་ཤཀྱའི་དགེ་སློང་མི་རྒན་ཞིག་གི་བདེ་ཐང་དང་ཚེ་རིང་པོ་ཡོང་བའི་ཆེད་དུ་ཁྱེད་རང་ཚོ་མི་མང་པོ་ཞིག་གིས་སྨོན་ལམ་རྒྱག་པ་སོགས་བྱས་ཡོད་པ་རེད། ཆོས་ཕྱོགས་ཀྱི་ཐོག་ནས་འབྲེལ་བ་ཡོད་སྟབས། གཅིག་གིས་སྨོན་ལམ་བརྒྱབ་པ་དེ་གཅིག་ལ་ཕན་པ་ཡོད་པ་རེད། ཁྱེད་རང་ཚོས་སྨོན་ལམ་བརྒྱབ་པ་དེས་ང་ལ་ཕན་ཡོད་པ་རེད། ཁྱེད་རང་ཚོས་ཀྱང་གཞན་ཕན་གྱི་བསམ་བློ་བཏང་བ་ཡིན་སྟབས་བསོད་ནམས་བསགས་པར་ཕན་ཀྱི་ཡོད་པ་རེད། ཉེ་ལམ་གནམ་ལོ་གསར་ཚེས་ལ་ངས་བཀྲ་ཤིས་བདེ་ལེགས་ཞུས་པ་ཞིག་དྲ་རྒྱའི་ནང་བཏང་པ་ཡིན་ལ། དེ་རིང་ཁྱེད་རང་ཚོས་ང་དངོས་སུ་མཐོང་ཡོད་པ་རེད། ངའི་གདོང་ནད་པའི་གདོང་འདྲ་བོ་ཞིག་འདུག་གམ་མི་འདུག གྲུང་མདོག་མདོག་བྱས་དེ་བསྡད་འདུག་གཱ དེར་བརྟེན། ཁྱེད་རང་ཚོ་ཚང་མ་བློ་བདེ་བོ་བྱས་ཏེ་སྡོད་ཨ། རྗེས་ལ་ཐུག་ཡོང་། བཀྲ་ཤིས་བདེ་ལེགས།”ཞེས་གསུངས་གནང་འདུག
བཀའ་ཆོས་དང་འབྲེལ་ཏེ་༧གོང་ས་མཆོག་གིས་ལོ་རབས་ལྔ་བཅུའི་བོད་ཀྱི་ལོ་རྒྱུས་ཐོག་དཀའ་ངལ་ཆེ་ཤོས་ཀྱི་དུས་ཚོད་ཅིག་ཆགས་ཡོད་ནའང་བོད་མི་ཚང་མས་དཀའ་ལས་བརྒྱབ་པའི་གྲུབ་འབྲས་ལ་ད་ལྟ་ཡག་པོ་ཆགས་ཡོད་པར་བསྔགས་བརྗོད་དང་འབྲེལ། བོད་གཞིས་བྱེས་གཉིས་ནས་རེ་བ་དང་ཡིད་ཆེས་ཆེན་པོ་གནང་གི་ཡོད་སྟབས། བོད་བསྟན་སྲིད་སྐོར་ནམ་ཡང་བརྗེད་ཐབས་མེད་པ་དང་། ཁོང་གིས་དེ་སྔ་ནས་ཆབ་སྲིད་ཀྱི་ཐུགས་འགན་ཡོངས་རྫོགས་བཞག་ཚར་བ་དང་། དེ་ཕུགས་རྒྱང་རིང་བོའི་ཐད་ནས་ཕན་ཐོགས་ཡོད་པ་ཞིག་ཡིན་པ། དམངས་གཙོའི་ལམ་དུ་ཕྱིན་ན་བརྟན་པོ་དང་འཛམ་གླིང་སྤྱིའི་འགྲོ་སྟངས་ཆགས་ཀྱི་ཡོད་སྐོར། དེ་བཞིན། བོད་རིག་གཞུང་གོམས་གཤིས་དང་ཁོར་ཡུག་སོགས་རྒྱུན་འཛིན་ཡོང་ཐབས་ལ་ཚང་མས་ཤུགས་བསྐྱོན་དགོས་པ་སོགས་གསུངས་ཡོད་པ་རེད།
དེ་བཞིན་ཨ་རིའི་MINNEAPOLISནས་ཕྱི་ཚེས་༢༢ཉིན། APགསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། མ་གཞི་༧གོང་ས་ཏཱ་ལའི་བླ་མ་མཆོག་ད་ལྟ་ལྒང་པའི་སྨན་བཅོས་འཕྲོད་བཞེས་གནང་བཞིན་ཡོད་ཀྱང་༧གོང་ས་མཆོག་གི་སྐུ་ཁམས་གསལ་ཐང་ཡོད་པ་དང་། ད་ལོ་དགུང་གྲངས་༨༠ཕེབས་པའི་བོད་ཀྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ཚེས༢༡རེས་གཟའ་ཉི་མའི་ཉིན། Rochesterས་ནས་བར་ཐག་སྤྱི་ལེ་༡༤༠ཡོད་པའི་Minneapolis Convention Centerཞེས་པའི་ཚོགས་ཁང་ནང་། དད་ལྡན་མི་གྲངས་༣༠༠༠ལྷག་ཙམ་ཞིག་ལ་རིན་ཐང་གི་ལྟ་བ་དང། སྙིང་རྗེ། གཞན་ལ་གུས་ཞབས་བྱེད་དགོས་བ། མིའི་རིགས་ཀྱི་སྙིང་རྗེ་ནི་བདེ་སྐྱིད་དང་ཞི་བདེ། དེ་བཞིན་རང་ཉིད་ཀྱི་གཟུགས་པོ་བདེ་ཐང་དང་འབྲེལ་ཡོད་བཀའ་སློབ་དང་ཆོས་འབྲེལ་བསྩལ་གནང་ཡོད་པའི་གནས་ཚུལ་སྤེལ་ཡོད།
གསར་འགོད་པ་ཚེ་བརྟན་རྡོ་རྗེ།
ཞིབ་ཕྲ་འདི་གའི་ཆེད་མངགས་གསར་འགོད་པ་སྒྲོལ་དཀར་ལགས་ཀྱིས་ས་གནས་ནས་བཏང་བའི་གནས་ཚུལ་ལ་གསན་རོགས།