༧གོང་ས་མཆོག་གོ་ལའི་བདེ་ཐབས་ཀྱི་བགྲོ་གླེང་ལ་ཕེབས་རྒྱུ།

༧གོང་ས་མཆོག་ཨ་རིའི་(Wisconsin)གཙུག་ལག་སློབ་གྲྭའི་ནང་གོ་ལའི་བདེ་ཐབས་ཞེས་པའི་བགྲོ་གླེང་ཐོག་དབུ་བཞུགས་མཛད་རྒྱུ།

མཁས་དབང་སློབ་དཔོན་(Richard Davidson)དང་༧གོང་ས་མཆོག། ༢༠༠༡ wisc.edu

དེ་ཡང་ཨ་མི་རི་ཀའི་(Wisconsin)གཙུག་ལག་སློབ་གྲྭས་གསལ་བསྒྲགས་གནང་བར་གཞིགས་ན། ཕྱི་ཟླ་༣པའི་ཚེས་༩ཉིན། གཙུག་ལག་སློབ་གྲྭ་དེའི་(Center for Healthy Mind)ཞེས་སེམས་ཁམས་འཕྲོད་བསྟེན་དང་། དཔྱད་གཞིའི་ལྟེ་གནས་ཁང་གིས་གོ་བསྒྲིགས་འོག་གོ་ལའི་བདེ་ཐབས་གོང་འཕེལ་གཏོང་ཕྱོགས་སྐོར་མཁས་པའི་བགྲོ་གླེང་ཚོགས་རྒྱུ་ཡིན་པ་དང་། བགྲོ་གླེང་དེའི་ནང་། བོད་མིའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལྷན་དུ་ཨ་རིའི་ནང་ནུབ་ཕྱོགས་པའི་སེམས་ཁམས་རིག་པའི་མཁས་དབང་(Wisconsin)གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་(Richard Davidson)དང་། (Colorado)གཙུག་ལག་སློབ་གཉེར་ཁང་གི་སེམས་ཁམས་རིག་པའི་སློབ་དཔོན་(Sona Dimidijian)དེ་བཞིན་འཕྲོད་བསྟེན་ལྟ་སྐྱོང་ལྟེ་གནས་ཁང་གི་སྤྱི་ཁྱབ་འགན་འཛིན་(Soma Stout)བཅས་མཉམ་བཞུགས་གནང་རྒྱུ་དང་། བགྲོ་གླེང་དེ་བཞིན་ཨ་རིའི་ABCབརྙན་འཕྲིན་གསར་འགྱུར་ལས་ཁང་གི་ལས་རིམ་གཙོ་སྐྱོང་བ་(Dan Harris)ལགས་ཀྱིས་སྟངས་འཛིན་དང་གཙོ་སྐྱོང་གནང་རྒྱུ་ཡིན་པ་དང་། བགྲོ་གླེང་དེ་བཞིན་དྲ་ལམ་བརྒྱུད་ཐད་གཏོང་གནང་རྒྱུ་ཡིན་འདུག།  
གནས་ཚུལ་ནང་གསལ་ལྟར་ན། ཨ་རིའི་སྤྱི་ཚོགས་ནང་བསམ་བློའི་འཕྲོད་བསྟེན་གྱི་ཆ་ནས་སེམས་ཁམས་མི་བདེའི་བའི་དཀའ་ངལ་ལོ་རེར་མང་དུ་འགྲོ་བཞིན་ཡོད་པ་དང་། ད་རེས་གོ་ལའི་བདེ་ཐབས་ཀྱི་བགྲོ་གླེང་དེའི་ཐོག་མ་འོངས་ལོ་ངོ་༡༥ནང་། ཨ་རིའིི་སེམས་ཁམས་བདེ་ཐབས་ཀྱི་གནས་སྟངས་ཇི་ཆགས་སྐོར་དཔྱད་བསྡུར་གནང་རྒྱུ་དང་། ལྷག་པར་དུ་སེམས་ཁམས་མི་བདེའི་བའི་བཅོས་ཐབས་ནང་། ཚན་རིག་པའི་བརྟག་དཔྱད་དང་ནུབ་ཕྱོགས་སྨན་གྱི་བཅོས་ཐབས་ཙམ་མ་ཟད། སེམས་ཀྱི་བདེ་ཐང་དེ་བཞིན་རང་རྒྱུད་ལ་གོམས་གཤིས་གསོ་སྐྱོང་བྱ་སྟངས་སྐོར་བཀའ་བསྡུར་གནང་འཆར་ཡོད་འདུག
(Wisconsin)གཙུག་ལག་སློབ་གཉེར་ཁང་གི་སེམས་ཁམས་རིག་པའི་སྡེ་ཚན་དང་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབར། ལོ་ངོ་༢༠ལྷག་ཙམ་རིང་སེམས་ཁམས་བདེ་ཐབས་གཏོང་ཕྱོགས་ཀྱི་བགྲོ་གླེང་དང་ལས་དོན་མཉས་ལས་གནང་མྱོང་ཡོད་པ་དང་། སེམས་ཁམས་རིག་པའི་མཁས་དབང་སྐུ་ཞབས་(Richard Davidson)གྱིས་གསུངས་ན། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་དུས་དང་རྣམ་པ་ཀུན་དུ་སྤྱི་ཚོགས་ནང་མི་རིགས་དང་། ཆོས་ལུགས་ལ་སོགས་པའི་དབྱེ་འབྱེད་གང་ཡང་མེད་པར་ཕན་ཚུན་དབར་བྱམས་དང་སྙིང་རྗེ། བཟོད་བསྲན་སོགས་གང་ལྟར་ཆོས་དང་འབྲེལ་བ་མེད་པའི་བཟང་སྤྱོད་གོང་འཕེལ་མཛད་བཞིན་ཡོད་པ་དེ་གོ་ལའི་བདེ་ཐབས་གོང་འཕེལ་དང་ཐད་ཀར་འབྲེལ་བ་ཆགས་ཀྱི་ཡོད་པ་ནན་བརྗོད་གནང་འདུག།

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org