༧གོང་ས་མཆོག་གིས་བཀའ་དབང་གནང་བ་དང་ཆོས་ཞུ་བས་བརྟན་བཞུགས་ཕུལ་འདུག
ཨེ་ཤེ་ཡའི་ཡུལ་གྲུ་ཁག་གི་ནང་དུས་ཀྱི་འགྱུར་བ་བྱུང་མིན་ལ་མ་བལྟོས་པར་ཕ་མེས་ཀྱི་ཆོས་བརྒྱུད་རྒྱུད་འཛིན་བྱེད་བཞིན་པར་༧གོང་ས་མཆོག་གིས་བསྔགས་བརྗོད་མཛད་འདུག
-
2018-01-16 -
-
-
Your browser doesn’t support HTML5 audio
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ཚེས་༡༦་ཉིན་གནས་མཆོག་རྡོ་རྗེ་གདན་དུ་དད་ལྡན་མང་ཚོགས་ལ་འཕགས་མཆོག་སྤྱན་རས་གཟིགས་ཀྱི་བཀའ་དབང་སྩལ་གནང་མཛད་པ་དང་། དེ་རྗེས་༧སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་སོག་པོའི་བླ་མའི་དགེ་རྒན་བསྟན་འཛིན་འཇམ་དཔལ་ཆོས་ཀྱི་བཤེས་གཉེན་རིན་པོ་ཆེས་སོག་པོའི་མི་དམངས་ཀྱི་སྐུ་ཚབ་གནང་པའི་ཐོག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་ཞུགས་བསྟར་འབུལ་ཞུས་ཡོད་པ་རེད།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འདས་པའི་ཉིན་གྲངས་འགའ་ཤས་རིང་བྱང་ཆུབ་ལག་ལེན་སོ་བདུན་མ་དང་། བྱང་ཆུབ་སེམས་འགྲེལ་གྱི་གསུང་ཆོས་སུ་བོད་གཞིས་བྱེས་གཉིས་ཀྱི་བོད་མི་དང་དེ་བཞིན་འཛམ་གླིང་ཤར་ནུབ་ཀྱི་ཆོས་ཞུ་བ་ཁྲི་ཚོ་འགའ་ཤས་བཅར་ཡོད་ཅིང་། སྤྱན་རས་གཟིགས་ཀྱི་བཀའ་དབང་སྩལ་སྐབས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དེང་སྐབས་འཛམ་གླིང་འཁྲུག་ཆ་དོད་པོའི་གནས་སྐབས་འདིར་ཨེ་ཤི་ཡའི་ཡུལ་གྲུ་ཁག་གིས་རང་གི་ཕ་མེས་ནས་བརྒྱུད་པའི་ནང་པའི་ཆོས་ལུགས་སྲུང་སྐྱོབ་དང་དར་སྤེལ་བྱེད་བཞིན་པར་བསྔགས་བརྗོད་གནང་འདུག
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ནང་ཆོས་ཀྱི་སྙིང་པོ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་གོམས་པ་ཉམས་ལེན་བྱེད་པའི་ཐོག་རྒྱུན་དུ་མ་ཎི་ཡིག་དྲུག་གང་ཐུབ་གསོག་སྒྲུབ་བྱེད་དགོས་པའི་བཀའ་སློབ་ཕེབས་ཡོད་པ་རེད།
ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབང་ཞུ་བའི་དགོས་དོན་སྙིང་པོ་ནི་མ་དག་པའི་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་མཐའ་དག་སྦྱངས་ཏེ་འབྲས་བུ་སངས་རྒྱས་ཀྱི་སྐུ་གྲུབ་པའི་ནུས་པ་ཁྱད་པར་ཅན་ཐོབ་པའི་ཕྱིར་ཡིན་པ་དང་། དེ་ལྟར་འབྱུང་བར་གཙོ་བོ་སངས་རྒྱས་ཀྱི་གསུང་ལ་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བའི་ཐོག་ནས་ཉམས་ལེན་བྱ་རྒྱུ་ནི་ཧ་ཅང་གལ་ཆེ་ཡིན་པ་བཀའ་གནང་ཡོད་པ་རེད།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་གནས་མཆོག་རྡོ་རྗེ་གདན་དུ་ཕྱི་ཟླ་ ༡ ཚེས་ ༥ ་ནས་ ༧ ་བར་ཉིན་གྲངས་གསུམ་རིང་ཆོས་ཀྱི་འཁོར་ལོ་བསྐོར་བའི་མདོ་དང་སཱ་ལུ་ལྗང་པའི་རྟེན་འབྲེལ་གྱི་མདོའི་སྒོ་ནས་ཆོས་འབྲེལ་གསུང་ཆོས་སྩལ་གནང་མཛད་པ་དང་། དེ་ནས་ཕྱི་ཚེས་ ༡༤ ་ནས་ ༡༦ ་བར་བྱང་ཆུབ་སེམས་འགྲེལ་དང་ལག་ལེན་སོ་བདུན་མའི་སྒོ་ནས་ཆོས་འབྲེལ་གསུང་ཆོས་བསྩལ་ཞིང་། ཕྱི་ཚེས་ ༡༨ ་ནས་ ༢༡ ་བར་འཇིགས་བྱེད་ལྷ་བཅུ་གསུམ་དང་། འཁོར་ལོ་བདེ་མཆོག འཇིགས་བྱེད་དཔའ་བོ་གཅིག་པའི་བཀའ་དབང་བཅས་སྩོལ་གནང་མཛད་རྒྱུ་ཡིན་པ་རེད།
གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས་དང་། འཆི་མེད།