༸གོང་ས་མཆོག་གིས་དགེ་འདུན་པ་ ༦༠ ལྷག་ལ་དགེ་སློང་གི་སྡོམ་པ་འབོགས་འཇོག་མཛད་པ།
གཙོ་བོ་བསླབ་པ་གསུམ་ཉམས་ལེན་བྱས་པའི་སྒོ་ནས་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་དགོས་པའི་བཀའ་སློབ་བསྩལ་འདུག
- 2024-02-20
-
-
-
Your browser doesn’t support HTML5 audio
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། སངས་རྒྱས་ཀྱི་བསྟན་པ་མི་ཉམས་རྒྱུད་འཛིན་དང་ཉམས་པ་སླར་ཡོང་སླད་སྐུ་ངལ་ལྷུར་བཞེས་ཀྱིས་དུས་ནས་དུས་སུ་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་འབོགས་འཇོག་མཛད་བཞིན་ཡོད་པ་ལྟར། ད་ལན་ཡང་ཕྱི་ཟླ་ ༢ པའི་ཚེས་ ༢༠ ཉིན་ཏེ། བོད་ཤིང་འབྲུག་ལོའི་ལོ་གསར་ཚེས་ ༡༡ ཉིན་གྱི་སྔ་དྲོ། བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་མགོན་པོ་གང་ཉིད་མཆོག་གིས། བལ་ཡུལ་ཀོ་པཱན་དགོན་པ་དང་། དཔལ་ལྡན་རྒྱུད་སྟོད་སྨད་གཉིས། དེ་བཞིན་རྒྱ་གར་ལྷོ་ཕྱོགས་སུ་ཆགས་པའི་འབྲས་སྤུངས་དགོན་པ་སོགས་ནས་ཕེབས་པའི་དགེ་འདུན་ཞལ་གྲངས་ ༦༠ དང་། བོད་ནས་གསར་དུ་ཕེབས་པའི་དགེ་འདུན་པ་གཉིས་བཅས་ལ་དགེ་སློང་གི་སྡོམ་པ་འབོགས་འཇོག་མཛད་དེ། གཙོ་བོ་བསླབ་པ་གསུམ་ཉམས་ལེན་བྱས་པའི་སྒོ་ནས་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་དགོས་པའི་བཀའ་སློབ་བསྩལ་འདུག
རྒྱ་གར་བྱང་ཕྱོགས་སྤི་ཏི་ Spiti ཡིན་པའི་དགེ་སློང་བསོད་ནམས་མཁྱེན་རབས་ལགས་ནི་དགུང་ལོ་ ༩ ཙམ་ནས་རབ་ཏུ་བྱུང་ནས་ད་ལྟའི་ཆར་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་མདོ་སྔགས་གཉིས་ལ་སློབ་གཉེར་གནང་མུས་ཡིན་འདུག ཁོང་རང་ཉིད་ལ་དགེ་སློང་གི་སྡོམ་པ་ཐོབ་པར་ཧ་ཅང་གི་བསྐལ་བཟང་གི་དུས་ཚིགས་ཤིག་ཡིན་པ་མ་ཟད། འབྱུང་འགྱུར་གང་ཐུབ་ཅི་ཐུབ་ཀྱིས་༸རྒྱལ་བའི་བཀའ་བཞིན་སྒྲུབ་འདུན་ཡོད་པ་འགྲེལ་བརྗོད་གནང་བྱུང་།
བལ་ཡུལ་ཀོ་པཱན་དགོན་པ་ནས་ཡིན་པའི་དགེ་སློང་བློ་བཟང་ཆོས་རྒྱལ་ལགས་ཀྱིས། ཁོང་ལྟ་བུ་དགེ་སློང་གསར་དུ་བསྒྲུབས་པ་ཚོས་བསྟན་པ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གྱི་ལས་འགན་ཆེན་པོ་ཡོད་པས། གང་ཐུབ་ཀྱིས་༸རྒྱལ་བའི་བསྟན་པར་ཞབས་འདེགས་བསྒྲུབ་རྒྱུ་ཡིན་པ་འགྲེལ་བརྗོད་གནང་བྱུང་།
ཡང་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་བློ་གསལ་གླིང་ནས་ཡིན་པའི་དགེ་སློང་དཀོན་མཆོག་རིག་མཆོག་ལགས་ཀྱིས། ཁོང་ལ་དགེ་སློང་གི་སྡོམ་པ་ཐོབ་པར་ཧ་ཅང་གི་དགའ་སྤྲོ་བྱུང་བ་འགྲེལ་བརྗོད་གནང་ཞིང་། དགེ་འདུན་པའི་སྡེ་དེ་གནས་མིན་ནི་དགེ་ཚུལ་སློང་གི་སྡོམ་པ་ལ་རག་ལས་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ཡང་༸སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་དགེ་བཤེས་བློ་བཟང་གྲགས་པ་ལགས་ཀྱིས། ཁྲིམས་ ༢༥༣ ལྡན་པའི་དགེ་སློང་གི་སྡོམ་པ་ནི། ཚུལ་ཁྲིམས་ནང་ནས་མཆོག་ཏུ་གྱུར་བའི་སྡོམ་པ་ཞིག་ཡིན་པ་དང་། དགེ་སློང་གི་སྡོམ་པ་ཞུ་པའི་སྐབས་ཁྱིམ་དུ་གནས་པའི་སྐྱོན་མཐོང་། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་ཡོན་ཏན་མཐོང་དགོས་གལ་ཆེ་བའི་སྐོར་འགྲེལ་བརྗོད་གནང་བྱུང་།
སྤྱིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ལོ་འཆར་ཅན་བོད་ཟླ་དང་པོའི་ནང་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་གནང་སྲོལ་ཡོད་པ་དང་། དེ་ཡང་བོད་རིགས་ཙམ་མིན་པར་ཐེ་ཝན་དང་ཀོ་རི་ཡ་སོགས་ཕྱི་རྒྱལ་མི་རིགས་ལ་ཡང་སྡོམ་པ་དེ་གཉིས་གནང་སྲོལ་ཡོད་པ་དང་། སང་ཉིན་ཕྱི་ཚེས་ ༢༡ ཉིན་གྱི་སྔ་དྲོ་མུ་མཐུད་དེ་༸གོང་ས་མཆོག་གིས། ཕྱི་རྒྱལ་མི་རིགས་ཁག་ཅིག་ཚུད་པའི་སེར་ར་བྱེས་སྨད། དེ་བཞིན་དགའ་ལྡན་ཤར་རྩེ་དང་བྱང་རྩེ་སོགས་ཀྱི་དགེ་འདུན་པ་ ༦༠ ཙམ་ལ་དགེ་སློང་གི་སྡོམ་པ་འབོགས་འཇོག་མཛད་རྒྱུ་ཡིན་འདུག
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།