སེམས་བཟང་པོ་བྱེད་རྒྱུ་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་བྱིན་རླབས་ཐོབ་རྒྱུའི་རྒྱུ་གཙོ་བོ་དེ་ཡིན་པའི་སྐོར་བཀའ་སྩལ་འདུག
མ་ཎི་གསོག་པ་དང་སེམས་བཟང་པོ་བྱེད་རྒྱུ་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་བྱིན་རླབས་ཐོབ་རྒྱུའི་རྒྱུ་གཙོ་བོ་དེ་ཡིན་པ་བཀའ་གནང་འདུག
- 2023-06-19
-
-
-
Your browser doesn’t support HTML5 audio
སྤྱི་ལོ་ ༢༠༢༣ ལོའི་སྤྱི་ཟླ་ ༦ པའི་ཚེས་ ༡༩ ཉིན་གྱི་སྔ་དྲོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་། བལ་ཡུལ་ཤར་ཁུམ་བུའི་ཉེ་འདབས་སུ་ཆགས་པའི་ཡུལ་ལུང་གི་དད་ལྡན་མཇལ་བཅར་བ་ཁག་ཅིག་ལ་ཐུགས་དགྱེས་ཚོར་ཆེན་པོས་དམིགས་བསལ་མཇལ་ཁ་དང་བཀའ་སློབ་སྩལ་བའི་ནང་། མཁྱེན་བརྩེ་ནུས་པ་གསུམ་ལྷའི་ནང་ནས་བརྩེ་བའི་རང་གཟུགས་འཕགས་པ་སྤྱན་རས་གཟིགས་ནི་བོད་གངས་ཅན་ལྗོངས་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པས། མ་ཎི་གསོག་པ་དང་སེམས་བཟང་པོ་བྱེད་རྒྱུ་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་བྱིན་རླབས་ཐོབ་རྒྱུའི་རྒྱུ་གཙོ་བོ་དེ་ཡིན་པ་བཀའ་གནང་འདུག
ཡང་སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། བྱང་ཆུབ་ཀྱི་སེམས་ཉམས་ལེན་བྱེད་རྒྱུ་གལ་ཆེ་ཡིན་པ་བཀའ་གནང་ཞིང་། མགོན་པོ་གང་ཉིད་མཆོག་གིས། ཉིན་ལྟར་བྱང་ཆུབ་ཀྱི་སེམས་ཉམས་ལེན་བྱེད་ཀྱི་ཡོད་པ་དེས་འཕགས་པ་སྦྱན་རས་གཟིགས་ཀྱིས་གང་ཉིད་མཆོག་ལ་བྱིན་རླབས་སྩལ་བའི་ཐུགས་ཚོར་ཡོང་གི་འདུག་ཅེས་བཀའ་གནང་འདུག་པ་མ་ཟད། རྒྱུན་དུ་སྙིང་རྗེ་སྒོམ་དགོས་པའི་སྐོར་བཀའ་སློབ་འདི་ལྟར་སྩལ་འདུག
གཞན་ཡང་རིང་མིན་སྤྱི་ཟླ་༧ པའི་ཚེས་༡༠ཉིན་༸གོང་ས་༸སྐྱབས་མགོན་ཆེན་མཆོག་རྒྱ་གར་བྱང་ཕྱོགས་ལ་དྭགས་སུ་ཞབས་སོར་འཁོད་རྒྱུ་ཡིན་པ་དང་། སྤྱི་ཟླ་༧ པའི་ཚེས་༢༡ ནས་༢༣ བར་༸གོང་ས་མཆོག་གིས། ལ་དྭགས་ཞི་བ་ཚལ་གསུང་ཆོས་ར་བར་ཉིན་གསུམ་རིང་བཀའ་ཆོས་བཀའ་དྲིན་སྩལ་རྒྱུ་མ་ཟད། ལ་དྭགས་ནང་པའི་ཚོགས་པ་དང་དགོན་པ་ཚོགས་པ་ཐུན་མོང་ནས་མགོན་པོ་གང་ཉིད་མཆོག་ལ་བརྟན་བཞུགས་བསྡུས་པ་ཞིག་བསྟར་འབུལ་ཞུ་གཏན་འཁེལ་འདུག
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།