༸གོང་ས་མཆོག་གིས་རྒྱ་གར་གྱི་མེ་ཁོ་རོ་སོ་ཧྤོ་ཊི་ཡར་རྒྱས་ལྟེ་གནས་ཀྱི་འཛིན་སྐྱོང་འགན་འཛིན་ལ་མཇལ་ཁ་སྩལ་བ།

༸གོང་ས་མཆོག་གི་སྐུ་ཉེ་འགྲམ་ལ་ཡོད་དུས་རང་རྒྱུད་ལ་དཔག་ཏུ་མེད་པའི་ཚོར་བ་ཞིག་ཡོང་གི་འདུག་ཅེས་འགྲེལ་བརྗོད་གནང་བྱུང་།

༸གོང་ས་མཆོག་གིས་རྒྱ་གར་གྱི་མེ་ཁོ་རོ་སོ་ཧྤོ་ཊི་ཡར་རྒྱས་ལྟེ་གནས་ཀྱི་འཛིན་སྐྱོང་འགན་འཛིན་སྐུ་ཞབས་ Rajiv Kumar ལགས་སུ་མཇལ་ཁ་སྩལ་བའི་སྐབས། ༢༠༢༣།༡༡།༢༧ ཉིན། Rajiv Kumar

བཞུགས་སྒར་དྷ་སར་ཕྱི་རྒྱལ་ཡུལ་གྲུ་ཁག་དང་། རྒྱ་གར་གྱི་མངའ་སྡེ་འདྲ་མིན་གྱི་དད་ལྡན་མང་ཚོགས་ནས་དཀའ་བ་ཁྱད་བསད་ཀྱིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསེར་ཞལ་མཇལ་རྒྱུའི་ཆེད་ཡོང་གི་ཡོད་པ་བཞིན་འདི་ཚེས་ ༢༧ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ། རྒྱ་གར་གྱི་མེ་ཁོ་རོ་སོ་ཧྤོ་ཊི་ཡར་རྒྱས་ལྟེ་གནས་ཁང་གི་འཛིན་སྐྱོང་འགན་འཛིན་སྐུ་ཞབས་ Rajiv Kumar ལགས་དང་། ཁོང་གི་ནང་མི་ལྷན་རྒྱས་བཅས་ནས་སྒེར་གྱི་མཇལ་ཁ་ཞུས་ཡོད་ཅིང་། མཇལ་ཁ་གྲུབ་མཚམས་གསར་འགོད་པས་སྐུ་ཞབས་ Rajiv Kumar ལགས་སུ་བཀའ་འདྲི་ཞུ་སྐབས། ཁོང་གིས། དེ་རིང་༸གོང་ས་ཏཱ་ལའི་བླ་མ་མཆོག་མཇལ་བའི་མྱོང་ཚོར་ནི་ཆེས་བརྗོད་དཀའ་བའི་ཚོར་བ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། དེ་རིང་མགོན་པོ་གང་ཉིད་མཆོག་ལ་མཇལ་ཁ་ཞུས་པ་དེ་ནི་ངའི་མི་ཚེའི་ནང་ཐེངས་གཉིས་པ་དེ་ཆགས་ཀྱི་ཡོད། ༸གོང་ས་མཆོག་གི་སྐུ་ཉེ་འགྲམ་ལ་ཡོད་དུས་རང་རྒྱུད་ལ་དཔག་ཏུ་མེད་པའི་ཚོར་བ་ཞིག་ཡོང་གི་འདུག་ལ། ང་རང་ཉིད་སྐབས་དེ་དུས་ཕྲུ་གུ་ཆུང་ཆུང་ཡིན་པའི་ཚོར་བ་བྱུང། ཞེས་འགྲེལ་བརྗོད་གནང་བྱུང་།

རྒྱ་གར་གྱི་མེ་ཁོ་རོ་སོ་ཧྤོ་ཊི་ཡར་རྒྱས་ལྟེ་གནས་ཁང་ནི། རྒྱ་གར་མངའ་སྡེ་ཏི་ལིང་གྷ་ནའི་རྒྱལ་ས་ཧེ་རྡ་ར་སྦཏ་ནང་རྟེན་གཞི་བྱས་ཡོད་ཅིང་། ལྟེ་གནས་ཁང་དེ་ནི་ཨ་རིའི་ནང་རྟེན་གཞི་བྱས་པའི་ལས་ཁུངས་ཨ་མའི་རིམ་པ་འོག་མའི་མཉེན་ཆས་ཀྱི་ལས་ཁུངས་ཆེ་ཤོས་དེ་ཆགས་ཀྱི་ཡོད་འདུག་པར་མ་ཟད། ད་ལྟའི་ཆར་རྒྱ་གར་མངའ་སྡེའི་རྒྱལ་ས་ ༡༡ ནང་ལས་ཁུངས་ཡོད་པ་རེད།

ཡང་སྐུ་ཞབས་ Rajiv Kumar ལགས་སུ་མེ་ཁོ་རོ་སོ་ཧྤོ་ཊི་ཡིས་རྒྱ་གར་ནང་འཕྲུལ་རིགས་ཡར་ཐོན་དང་འབྲེལ་བའི་ལས་འཆར་གང་དང་གང་སྤེལ་བཞིན་ཡོད་པའི་སྐོར་བཀའ་འདྲི་ཞུས་པར། ཁོང་གིས། མེ་ཁོ་རོ་སོ་ཧྤོ་ཏི་ཡི་དམིགས་ཡུལ་གཙོ་བོ་ཞིག་ནི་མི་སྒེར་ཙམ་མ་ཟད། ཚོགས་པ་ཁག་ལ་རོགས་འདེགས་བྱ་རྒྱུ་དེ་ཡིན་པས། ང་ཚོའི་ལས་གཞི་གཅིག་ནི་གཞན་ལ་རོགས་ཕན་བྱ་རྒྱུ་དེ་ཡིན། འདས་པའི་ལོ་ངོ་ ༤༠ ནང་ལས་བྱེད་ཡོངས་ཀྱི་ཞལ་འདེབས་བརྒྱུད་སྒོར་ཐེར་འབུམ་མང་པོའི་ཐོག་ནས་གཞན་ལ་རོགས་བྱས་ཐུབ་ཡོད་དུས། ང་རང་ལས་ཁུངས་དེར་ལས་བྱེད་ཅིག་ཡིན་པའི་སྤོབས་པ་ཡོང་གི་འདུག་ཅེས་འགྲེལ་བརྗོད་གནང་བྱུང་།

གཞི་རྩའི་མེ་ཁོ་རོ་སོ་ཧྤོ་ཊིའམ་ཕྲ་གཉེན་ཚང་དེ་ནི་ཕྱི་ལོ་ ༡༩༧༥ ལོར་སྐུ་ཞབས་ Bill Gates ལགས་དང་། སྐུ་ཞབས་ Paul Allen ལགས་རྣམ་གཉིས་ནས་གསར་འཛུགས་གནང་བ་ཞིག་ཡིན་འདུག་ལ། ཕྲ་གཉེན་ཚང་དེས་ཀམ་པུ་ཊར་ནང་ཡིག་འཇུག་དང་རྒྱུན་ལྡན་གྱི་དགོས་མཁོར་ཕན་ཐོགས་ཆེན་པོ་ཞིག་བསྐྲུན་ཡོད་པ་རེད།

གསར་འགོད་པ། ཡེ་ཤེས་ཟླ་བ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། བསྟན་འཛིན་འཕགས་སྒྲོན། 
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org