༸གོང་ས་མཆོག་གིས། ཧི་མ་ཅལ་མངའ་སྡེའི་ཉེན་རྟོག་སྤྱི་ཁྱབ་པར་མཇལ་ཁ་སྩལ་བ།

ངོས་རང་རྒྱ་ནག་གི་དབང་འགྱུར་འོག་ནས་བྲོས་བྱོལ་དུ་སླེབས་པ་ནས་བཟུང་། ངོས་རང་འདི་གར་འཇིགས་ཉེན་མེད་པའི་ཚོར་བ་ཡོང་བཞིན་འདུག

༸གོང་ས་མཆོག་གིས་ཧི་མ་ཅལ་མངའ་སྡེའི་ཉེན་རྟོག་སྤྱི་ཁྱབ་པ་དང་དཔོན་རིགས་ཁག་ཅིག་ལ་མཇལ་ཁ་སྩལ་བའི་སྐབས། ༢༠༢༣།༡༡།༢༩ ཉིན། OHHDL

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ཚེས་ ༢༩ ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཧི་མ་ཅལ་མངའ་སྡེའི་ཉེན་རྟོག་སྤྱི་ཁྱབ་པ་སྐུ་ཞབས་ (DGP Sanjay Kundu) ལགས་དང་ IG Zahur Zedi ལགས་རྣམ་གཉིས། དེ་བཞིན་ཧི་མ་ཅལ་མངའ་སྡེའི་ས་ཁུལ་ཁག་འདྲ་མིན་ནས་ཕེབས་པའི་ཉེན་རྟོག་དཔོན་རིགས་ཁག་གཅིག་བཅས་ལ་མཇལ་ཁ་སྩལ་ཡོད་པ་ཅིང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ངོས་རང་རྒྱ་ནག་གི་དབང་འགྱུར་འོག་ནས་བྲོས་བྱོལ་དུ་སླེབས་པ་ནས་བཟུང་། ངོས་རང་འདི་གར་འཇིགས་ཉེན་མེད་པའི་ཚོར་བ་ཡོང་བཞིན་འདུག ཅེས་དང་། དེར་ངོས་ཀྱིས་ཡི་རང་བསྔགས་བརྗོད་ཞུ་བཞིན་ཡོད་ཅེས་བཀའ་སྩལ་ཡོད་འདུག

དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མུ་མཐུད་བཀའ་སློབ་སྩལ་བའི་ནང་། རྒྱ་ནག་ནང་འགྱུར་བ་འགྲོ་བཞིན་ཡོད་ན་ཡང་། ངོས་རང་རྒྱ་གར་ལུང་པའི་ནང་བསྡད་རྒྱུ་ཡིན། ཞེས་དང་། རྒྱ་གར་ནི་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པས་བྱིན་གྱིས་བརླབས་པའི་གནས་ཁྱད་པར་ཅན་ཞིག་དང་། ངོས་རང་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱི་རྗེས་སུ་འཇུག་མཁན་ཞིག་ཡིན་པས། ངོས་རང་རྒྱ་གར་ནང་བསྡད་རྒྱུའི་འདོད་པ་ཡོད། ཅེས་དང་། ལྷག་པར་དུ་རྒྱ་གར་དེ་བཞིན་ཆབ་སྲིད་ཀྱི་ཐོག་ནས་མང་གཙོའི་རྒྱལ་ཁབ་ཅིག་དང་། ཆོས་ཕྱོགས་ཀྱི་ཐོག་ནས་རྒྱ་གར་ནང་ཆོས་ལུགས་ཚང་མ་འཆམ་མཐུན་ངང་གནས་བཞིན་པ་དེ་ངོ་མཚར་ཅན་ཞིག་རེད་ཅེས་བཀའ་སྩལ་འདུག

ཡང་མཇལ་ཁའི་ཐོག་ཧི་མ་ཅལ་མངའ་སྡེའི་ཉེན་རྟོག་སྤྱི་ཁྱབ་ཀྱིས་དབུས་གཞན་ཡང་ཉེན་རྟོག་དཔོན་རིགས་ཆེ་ཁག་ཐུན་མོང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་མཛད་རྗེས་ལ་ཆེ་བསྟོད་ཀྱི་ཚུལ་དུ་དབུ་ཞྭ་དང་ཕྱག་རྟགས་འབུལ་ལམ་ཞུས་ཡོད་པ་རེད། ཁོང་རྣམ་པ་ད་རེས་གཙོ་བོ་བཞུགས་སྒར་དྷ་རམ་ས་ལར་ཚོགས་བཞིན་པའི་ཧི་མ་ཅལ་ཉེན་རྟོག་རུ་ཁག་དབར་གྱི་རྩེད་མོའི་འགྲན་བསྡུར་ཞིག་ཏུ་ཕེབས་པ་ཡོད་པ་རེད་འདུག

གསར་འགོད་པ། པ་སངས་ཚེ་རིང་། 
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། བསྟན་འཛིན་འཕགས་སྒྲོན། 
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org