ཤེས་ཡོན་ནི་དེབ་ནང་ཡོད་པ་ཡིན་ཤག་བྱེད་པ་དེ་ཙམ་མིན་པར། སོ་སོས་བསམ་བློ་བཏང་སྟེ་གནས་ཚུལ་མང་པོ་དཔྱད་བསྡུར་བྱེད་རྒྱུ་གལ་ཆེན་རེད་ཅེས། ༸གོང་ས་མཆོག་གིས།
མི་རབས་གཞོན་པ་ཚོས་འདས་པའི་ལོ་རྒྱུས་དང་སྦྲེལ་ཏེ་འཛམ་གླིང་གི་དངོས་ཡོད་གནས་ཚུལ་ཤེས་རྒྱུ་གལ་ཆེན་རེད་ཅེས་ལམ་སྟོན་ཕེབས་ཡོད་པ་རེད།
- 2023-10-23
-
-
-
Your browser doesn’t support HTML5 audio
བོད་མིའི་དབུ་ཁྲིད་༸གོང་ས་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ། སྤྱི་ཟླ་༡༠པའི་ཚེས་༢༣ཉིན་བལ་ཡུལ་རྣམ་རྒྱལ་མཐོ་སློབ་ཀྱི་དགེ་རྒན་དང་སློབ་ཕྲུག་༣༤ལྷག་ལ་མཇལ་ཁ་གནང་བ་དང་འབྲེལ། སློབ་ཕྲུག་ཚོས་ཤེས་ཡོན་སློབ་སྦྱོང་གི་སྐབས། ཤེས་ཡོན་ཟེར་བ་དེ་དེབ་ནང་ཡོད་པ་ཡིན་ཤག་བྱེད་པ་དེ་ཙམ་མིན་པར། སོ་སོས་བསམ་བློ་བཏང་སྟེ་གནས་ཚུལ་མང་པོ་དཔྱད་བསྡུར་བྱེད་རྒྱུ་གལ་ཆེན་རེད་ཅེས་ལམ་སྟོན་གནང་ཡོད་པ་རེད།
གཞན་ཡང་༸གོང་ས་མཆོག་གིས་འཛམ་གླིང་འདིར་མི་རབས་རྒན་པ་རྣམས་རྫོགས་འགྲོ་བ་དང་ཆབས་ཅིག མི་རབས་གཞོན་པ་ཚོས་འཕྲོ་མཐུད་ནས་ཡོང་བཞིན་པར་བརྟེན། མི་རབས་གཞོན་པ་ཚོས་འདས་པའི་ལོ་རྒྱུས་དང་སྦྲེལ་ཏེ་འཛམ་གླིང་གི་དངོས་ཡོད་གནས་ཚུལ་ཤེས་རྒྱུ་གལ་ཆེན་རེད་ཅེས་ལམ་སྟོན་ཕེབས་ཡོད་པ་རེད།
རྣམ་རྒྱལ་མཐོ་སློབ་ཀྱི་མཇལ་ཁ་ཞུ་མཁན་སློབ་ཕྲུག་ཕལ་མོ་ཆེ་ནི་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་མི་རིགས་དང་བོད་མི་བཙན་བྱོལ་བ་གང་འཚམས་བཅས་ཡོད་འདུག་ཅིང་། ཁོང་ཚོ་ལས་སློབ་ཕྲུག་ཀུན་བཟང་སྒྲོལ་མ་ལགས་ནས། མོ་རང་༸གོང་ས་མཆོག་གི་མཇལ་ཁ་ཐོབ་པར་བསོད་ནམས་དང་དགའ་ཚོར་ཆེན་པོ་བྱུང་བ་དང་། ༸གོང་ས་མཆོག་གི་བཀའ་གནང་བ་བཞིན། བོད་ཀྱི་རིག་གཞུང་ནི་གཞན་ཕན་གྱི་བསམ་བློ་གཙོ་བོར་འཛིན་པ་ཞིག་ཡིན་པར་བརྟེན། སེམས་ཅན་གཞན་ལ་ཕན་ཐོགས་བསྒྲུབ་པར་སོ་སོས་བོད་ཀྱི་གསོ་རིག་སྦྱང་འདུན་ཡོད་པ་འགྲེལ་བརྗོད་གནང་གི་འདུག
ཡང་བལ་ཡུལ་གྱི་ཀརྨ་ཚེ་དབང་བླ་མ་ལགས་ནས་བརྙན་འཕྲིན་ནང་སྔོན་མ་ནས་༸གོང་ས་མཆོག་གི་བཀའ་སློབ་ལ་ཉན་ཏེ་སེམས་སྐྱིད་པོ་ཡོང་གི་ཡོད་པ་དང་། ད་ཆ་དངོས་སུ་ཞལ་མཇལ་བྱུང་བའི་སྐབས་སེམས་ནང་འཚབ་སྣང་ཅུང་ཟད་ཡོང་བསྡད་པ་དང་། སོ་སོ་བོད་དང་བལ་བོའི་ས་མཚམས་ནུབ་རི་ནས་ཡིན་པ་མ་ཟད། དེ་གར་བོད་ཀྱི་རིག་གཞུང་དང་ནང་ཆོས་ཁྱབ་འཕེལ་ཡར་དར་གྱི་ཆེད་འབྱུང་འགྱུར་དགེ་རྒན་བྱ་འདུན་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག
གཞན་ཡང་བལ་ཡུལ་རྣམ་རྒྱལ་མཐོ་སློབ་ཀྱི་དགེ་རྒན་མིག་དམར་ཚེ་རིང་ལགས་ནས་ཀྱང་། ང་ཚོར་༸གོང་ས་མཆོག་ནས་མཇལ་ཁ་རག་པ་ཙམ་གྱིས་དགའ་ཚོར་ཧ་ཅང་ཆེན་པོ་དང་། འདི་ལ་ཡོང་དོན་གྱི་དམིགས་ཡུལ་གཙོ་བོ་འགྲུབ་སོང་བའི་ཚོར་བ་ཤུགས་ཆེ་ཡོད་པ་དང་། སློབ་གྲྭ་འདིར་མི་རིགས་དབྱེ་འབྱེད་མེད་པར་བལ་ཡུལ་གྱི་ཕྲུ་གུ་ཚོ་ཚུན་ལ་བོད་ཀྱི་རིག་གཞུང་སློབ་ཁྲིད་དང་གོ་སྐབས་གཅིག་པ་གནང་གི་ཡོད་པས། ཧི་མ་ལ་ཡའི་མི་རིགས་མང་པོས་བོད་ཀྱི་རིག་གཞུང་ནི་སོ་སོའི་རིག་གཞུང་ལ་ངོས་འཛིན་ཐོབ་ཀྱི་ཡོད་པ་སོགས་འགྲེལ་བརྗོད་གནང་གི་འདུག
བལ་ཡུལ་རྣམ་རྒྱལ་མཐོ་སློབ་ཀྱི་ནང་འཛིན་གྲྭ་དྲུག་པ་ནས་བཅུ་གཉིས་བར་ཁྱོན་བསྡོམས་པའི་སློབ་ཕྲུག་ཕོ་མོ་གྲངས་༣༨༠ཡོད་པ་དང་། ད་ལྟའི་ཆར་བོད་མི་བཙན་བྱོལ་བའི་སློབ་ཕྲུག་བརྒྱ་ཆ་སུམ་ཅུ་དང་བལ་བོའི་ཡུལ་མི་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་སློབ་ཕྲུག་སོགས་ཀྱིས་བརྒྱ་ཆ་བདུན་ཅུ་ཟིན་གྱི་ཡོད་པ་དང་། དགེ་རྒན་དང་ལས་བྱེད་བསྡོམས་གྲངས་༥༣ཡོད་པས། སློབ་གྲྭ་དེ་ནི་བལ་ཡུལ་ནང་གི་བཙན་བྱོལ་བོད་མིའི་སློབ་གྲྭ་གལ་གནད་ཆེ་ཤོས་ཤིག་ཆགས་ཀྱི་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། བསྟན་འཛིན་འཕགས་སྒྲོན།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།