༧གོང་ས་མཆོག་གིས་ལྡི་ལི་ནས་མཐུན་སྒྲིལ་མཉམ་གནས་ཐད་བཀའ་སློབ་སྩལ་འདུག

༧གོང་ས་མཆོག་གིས་ལྡི་ལིར་དཔལ་འབྱོར་དང་ཚོང་པའི་ལས་རིགས་ཀྱི་ཆེད་ལས་བ་ཁག་ཅིག་ལ་མཇལ་འཕྲད་བཀའ་སློབ་སྩལ་གནང་འདུག

༧གོང་ས་མཆོག་གིས་ལྡི་ལིར་དཔལ་འབྱོར་དང་ཚོང་པའི་ལས་རིགས་ཀྱི་ཆེད་ལས་བ་ཁག་ཅིག་ལ་མཇལ་འཕྲད་བཀའ་སློབ་སྩལ་གནང་སྐབས། ༢༠༡༨།༡༢།༡༠ སངས་རྒྱས་རྒྱ་མཚོ། /RFA

༧གོང་ས་མཆོག་གིས་ལྡི་ལིར་དཔལ་འབྱོར་དང་ཚོང་པའི་ལས་རིགས་ཀྱི་ཆེད་ལས་བ་ཁག་ཅིག་ལ་མཇལ་འཕྲད་བཀའ་སློབ་སྩལ་གནང་འདུག
དེ་ཡང་སྤྱི་ཟླ་༡༢་ཚེས་༡༠་ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་(ITC Maurya)་གསོལ་མགྲོན་ཁང་དུ། རྒྱ་གར་དཔལ་འབྱོར་དུས་བབ་གསར་ཁང་གིས་གོ་སྒྲིག་འོག་ཏུ་ལྡི་ལིའི་ནང་གི་དཔལ་འབྱོར་དང་ཚོང་པའི་ལས་རིགས་ཀྱི་མི་སྣ་དྲུག་ཅུ་ལྷག་ལ་འཛམ་གླིང་ཐོག་གི་མི་གྲངས་ཐེར་འབུམ་བདུན་དང་།   ཆོས་ལུགས་འདྲ་མིན་ཡོད་པ་རྣམས་མཉམ་གཅིག་ཏུ་མཐུན་སྒྲིལ་ངང་གནས་ཐུབ་པའི་ཐབས་ལམ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་ཡོད་པ་དང་། ཐོག་མར་འགོ་འཛིན་གནང་མཁན་དག་གིས་དེ་རིང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་༢༩་འཁོར་བར་རྟེན་འབྲེལ་ཞུས་པ་དང་སྦྲགས་ཏེ་འཛམ་གླིང་ནང་དུ་༧གོང་ས་མཆོག་གིས་བྱམས་དང་།  སྙིང་རྗེ་ལ་སོགས་པའི་ཞི་བདེ་དང་མིའི་རིགས་ཀྱི་བཟང་སྤྱོད་དར་སྤེལ་གནང་བའི་མཛད་རྗེས་ལ་བསྔགས་བརྗོད་གནང་ཡོད་པ་རེད།
དེ་ནས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གསུངས་དོན། འཛམ་གླིང་འདིར་རང་བྱུང་གི་འབྱུང་བ་བཞིའི་གནོད་པ་ལ་སོགས་མང་བོ་ཞིག་ཡོད་པར་མ་ཟད། མིས་བཟོས་པའི་དཀའ་ངལ་མང་དག་ཅིག་ཀྱང་འབྱུང་གི་ཡོད་པ་རེད། སྤྱིར་མིའི་ལྷན་སྐྱེས་ཀྱི་རང་བཞིན་དེ་བྱམས་དང་སྙིང་རྗེའི་ངོ་བོ་ཡིན་པ་ནི་ཚན་རིག་པ་དག་གིས་འགྲེལ་བཤད་བྱེད་ཀྱི་ཡོད་པ་དང་།  མི་ཐེར་འབུམ་བདུན་ཡོད་པ་ཚང་མ་ཨ་མའི་བྱམས་སྐྱོང་གི་འོག་ནས་འཚར་ལོངས་བྱུང་བ་གཅིག་པ་ཡིན་པས་མིའི་རང་བཞིན་དེ་བརྩེ་བ་ཡིན་པའི་རྒྱུ་མཚན་གྱིས་ང་ཚོས་འཛམ་གླིང་འདིར་ཞི་བདེ་ཞིག་བསྐྲུན་ཐུབ་པའི་རེ་བ་ཡོད་པ་སོགས་གསུངས་བ་དང་། འཛམ་གླིང་འདིར་མི་ཚང་མ་གཅིག་གྱུར་དང་བྱམས་དང་སྙིང་རྗེའི་ངོ་བོ་ཡིན་ནའང་ཚོགས་པ་ཆེ་ཆུང་གི་ནང་དུ་ང་ཚོ་དང་ཁྱེད་ཚོ་ལ་སོགས་པའི་ལྟ་བ་བཟུང་བ་ལ་བརྟེན་ནས་ཕན་ཚུན་ལ་འཚེ་བ་མང་པོ་བྱེད་ཀྱི་ཡོད་པ་ནི་བསམ་བློ་གུ་དོག་པའི་གནས་སྟངས་ཡིན་པ་དང་ཆོས་ལུགས་མི་འདྲ་བ་དང་རྒྱལ་ཁབ་མི་འདྲ་བའི་དབྱེ་བ་མེད་པའི་སྒོ་ནས་གཅིག་གྱུར་གྱི་བསམ་བློ་བཟུང་སྟེ་མིའི་རིགས་ཀྱི་སེམས་ཀྱི་རིན་ཐང་དང་ཕན་ཚུན་ལ་རོགས་རམ་བྱེད་པའི་ལྟ་བ་འཛིན་རྒྱུ་དེ་གལ་ཆེན་ཡིན་པ་སོགས་གསུངས་འདུག
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་མི་མང་གིས་མཐུན་སྒྲིལ་དང་རོགས་རམ་གྱི་འདུ་ཤེས་བཟུང་སྟེ་དོན་དམ་པའི་མཛའ་འབྲེལ་དང་ཕན་ཚུན་བར་ལ་ཡིད་ཆེས་གནང་དགོས་པ་ལ་སོགས་ཀྱི་སྐོར་གསུངས་ཡོད་པ་རེད།

གསར་འགོད་པ་སངས་རྒྱས་རྒྱ་མཚོ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org