༧གོང་ས་མཆོག་གིས་ཁོར་ཡུག་སྲུང་སྐྱོབ་དང་ཆོས་ལུཊ་མཐུན་འབྲེལ་གལ་ཆེ་བ་བཀའ་བསྩལ།
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་འཛམ་གླིང་གོ་ལ་འདི་ནི་ང་ཚོའི་ཁྱིམ་ཚང་ལྟ་བུ་ཡིན་པས་ཚང་མས་ངེས་པར་དུ་གཅེས་སྐྱོང་གནང་དགོས་བ་བཀའ་བསྩལ་འདུག
-
2019-09-25 -
-
-
Your browser doesn’t support HTML5 audio
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་འཛམ་གླིང་གོ་ལ་འདི་ནི་ང་ཚོའི་ཁྱིམ་ཚང་ལྟ་བུ་ཡིན་པས་ཚང་མས་ངེས་པར་དུ་གཅེས་སྐྱོང་གནང་དགོས་བ་བཀའ་བསྩལ་འདུག
ཕྱི་ཚེས་ ༢༥ ་ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་(Harijan Sevak Sangh, Gandhi Ashram)་མེས་པོ་དམ་པ་གྷན་དྷིས་འཁྲུངས་ནས་ལོ་ངོ་༡༥༠་འཁོར་བའི་དུས་དྲན་དང་སྟབས་བསྟུན་ཆོས་ལུགས་མཐུན་འབྲེལ་གྱི་མཛད་སྒོར་ལྷན་བཞུགས་ཀྱིས་མང་ཚོགས་ལ་བཀའ་སློབ་སྩལ་དོན། དེང་སང་མི་འབོར་འཕེལ་རྒྱས་དང་གོ་ལ་སྤྱི་ཡོངས་ཀྱི་ཚ་དྲོད་འཕེལ་བའི་རྐྱེན་གྱིས་ལོ་བཅུ་ཕྲག་རེ་རེའི་ནང་འཛམ་གླིང་འདིའི་སྟེང་གྱི་ཚ་དྲོད་འཕེལ་བཞིན་པ་འདི་ནི། ཛ་དྲག་གི་གནད་དོན་ཞིག་ཡིན་དུས་འཛམ་གླིང་གོ་ལ་འདི་ནི་ང་ཚོའི་ཁྱིམ་ཚང་ལྟ་བུ་ཡིན་པས། ཚང་མས་ངེས་པར་དུ་གཅེས་སྐྱོང་དང་། ང་ཚོས་ཤིང་སྣ་གང་མང་འདེབས་འཛུགས་དང་འཐུང་ཆུ་སོགས་སྲུང་སྐྱོབ་བྱ་རྒྱུ་ནི་གལ་འགངས་ཆེན་པོ་ཡིན་དུས་ཚང་མས་ཁོར་ཡུག་སྲུང་སྐྱོབ་ཐོག་འགན་འཁུར་བཞེས་དགོས་པ་བཀའ་གནང་ཡོད་པ་རེད།
ཡང་༧གོང་ས་མཆོག་གིས། འཛམ་གླིང་འདིའི་ནང་གི་ཆོས་ལུགས་ཚང་མ་ལྟ་གྲུབ་མི་འདྲ་བ་ཡོད་མིན་ལ་མ་བལྟོས་བར་ཚང་མས་བྱམས་བརྩེ་དང་། ཕན་སེམས་ཀྱི་བཟང་པོའི་བསླབ་བྱ་གཅིག་མཚུངས་འཁྱེར་གྱི་ཡོད་པ་མ་ཟད། ཆོས་ལུགས་ཚང་མའི་ནང་འགྲོ་བ་མིའི་སེམས་ནང་བྱམས་བརྩེ་གོང་འཕེལ་གཏོང་ཐབས་ཀྱི་ནུས་པ་གཅིག་མཚུངས་ཡོད་པ་རེད། དེ་འདྲ་སོང་ཙང་ངའི་བསམ་པར་འགྲོ་བ་མི་དང་འབྲེལ་བ་ཡོད་པའི་འཛམ་གླིང་ནང་གི་ཆོས་ལུགས་ཚང་མས་ཕན་ཚུན་གཅིག་གིས་གཅིག་ལ་གུས་བཀུར་དང་མཐུན་འབྲེལ་གནང་གལ་ཆེ་བ་དང་། ལྷག་པར་དུ་དེང་སང་ཆོས་ལུགས་ཀྱི་མིང་ཐོག་ནས་མི་གསོད་ཁྲག་སྦྱོར་དང་འཁྲུག་འཛིང་གི་དོན་རྐྱེན་ཡོང་བཞིན་པ་དེ་ནི་བསལ་ཡུལ་ལས་འདས་པ་ཞིག་དང་། ཡིད་སྐྱོ་བའི་གནད་དོན་ཞིག་རེད། སོང་ཙང་ཆོས་ལུགས་ཕན་ཚུན་མཐུན་འབྲེལ་དགོས་རྒྱུ་ནི་གལ་ཆེན་པོ་དང་འབྱུང་སྲིད་པ་ཞིག་ཡིན་པ་བཀའ་གནང་ཡོད་པ་རེད།
མཐའ་མཇུག་༧གོང་ས་མཆོག་གིས། རྒྱ་གར་ནང་ལོ་ངོ་༣༠༠༠་གོང་ནས། ནང་སེམས་ཀྱི་སེམས་ཚོར་དྲག་པོ་ལ་གདོང་ལེན་བྱ་ཐུབ་པའི་ཤེས་ཡོན་སྔོན་མ་ནས་ཡོད་པ་དེ་ནི། རྒྱ་གར་གྱི་གནའ་བོའི་རིག་གནས་རྣམས་ཡིན་པ་རེད། ཡིན་ན་ཡང་ངའི་བསམ་པར་དེང་སང་རྒྱ་གར་ནང་དེང་དུས་ཀྱི་ཤེས་ཡོན་ཙམ་ལས་རྒྱ་གར་གི་གནའ་བོའི་རིག་གནས་ཀྱི་ཤེས་ཡོན་སློབ་གསོ་ཡིས་འདང་གི་མེད་པ་དང་། དེར་དོ་སྣང་དེ་ཙམ་གནང་གི་མེད་པ་འདྲ་བོ་འདུག སོང་ཙང་རྒྱ་གར་ནང་དེང་དུས་ཀྱི་ཤེས་ཡོན་དང་རྒྱ་གར་གྱི་གནའ་བོའི་རིག་གནས་ཟུང་འབྲེལ་ཐོག་སློབ་གཉེར་གནང་རྒྱུ་གལ་ཆེན་པོ་དང་ཕན་ཐོགས་ཆེན་པོ་ཡོད་པ་བཀའ་གནང་ཡོད་པ་རེད། ཡང་ཐེངས་འདིའི་མཛད་སྒོའི་ཐོག་རྒྱ་གར་ནང་གི་ཆོས་ལུགས་ཁག་ཚང་མའི་དབུ་ཁྲིད་ཕེབས་ཡོད་པ་མ་ཟད། ཚང་མས་ཆོས་ལུགས་ཕན་ཚུན་མཐུན་འབྲེལ་གོང་འཕེལ་ཡོང་ཐབས་དང་འཛམ་གླིང་ནང་ཞི་བདེ་བསྐྲུན་ཐབས་སོགས་ཀྱི་སྐོར་བཀའ་སློབ་གནང་ཡོད་པ་རེད།
ཐེངས་འདིའི་ལྷན་ཚོགས་གོ་སྒྲིག་ཞུ་མཁན་གཙོ་བོ་ནི་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནང་ཡོད་པའི་(Harijan Sevak Sangh)་ཞེས་པའི་ཚོགས་པ་དེ་ཡིན་པ་དང་། ཚོགས་པ་དེ་བཞིན་ཕྱི་ལོ་༡༩༣༢་ལོར་བདག་ཉིད་ཆེན་པོ་གྷན་དྷེ་མཆོག་གིས་རྒྱ་གར་གྱི་རིགས་དམན་པར་དབྱེ་འབྱེད་རྩ་མེད་བཟོ་ཆེད་འཛུགས་པ་ཞིག་རེད་འདུག
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་རྒྱལ་ས་ལྡི་ལི་དང་། ཡུ་པིའི་མངའ་སྡེའི་གྲོང་ཁྱེར་མ་ཐུ་རའི་ནང་གི་གཟའ་ཁོར་གཅིག་ཙམ་གྱི་མཛད་འཆར་ཁག་ལེགས་པར་འགྲུབ་རྗེས་ཕྱི་ཚེས་༢༦་ཉིན། རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་བཞུགས་སྒར་རྡ་རམ་ས་ལར་ཆིབས་ཐོན་གནང་རྒྱུ་ཡིན་འདུག