ཨ་རིའི་མི་ནི་ཡ་པོ་ལིསི་གྲོང་ཁྱེར་ནང་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཉིན་མོ་ཞེས་སྲུང་བརྩི་ཞུས་འདུག
ཨ་རིའི་མི་ནི་སོ་ཊ་མངའ་སྡེའི་ནང་གི་གྲོང་ཁྱེར་ཆེ་ཤོས་མི་ནི་ཡ་པོ་ལིསི་གྲོང་ཁྱེར་སྤྱི་ཁྱབ་པས་ཕྱི་ཟླ་༩་བའི་ཚེས་༡༦་ཉིན་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཉིན་མོར་སྲུང་བརྩི་ཞུས་པ་གཞུང་འབྲེལ་གསལ་བསྒྲགས་སྤེལ་འདུག
- 2023-09-19
-
-
-
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཁྱོན་ཡོངས་སུ་ཞི་བདེ་དང་བྱམས་བརྩེ། དེ་བཞིན་སྙིང་རྗེ་གོང་འཕེལ་གཏོང་ཐབས་སུ་སྐུ་ངལ་འཛེམས་མེད་ཀྱིས་ཐུགས་བརྩོན་མཛད་འཕྲིན་རླབས་ཆེན་བསྐྱངས་དང་སྐྱོང་བཞིན་པར་ཆེ་བསྟོད་དང་གུས་བརྩི་ཞུ་ཕྱིར་ཨ་མི་རི་ཀའི་མངའ་སྡེ་(Minnesota)་འི་ནང་གི་གྲོང་ཁྱེར་ཆེ་ཤོས་(Mineapolis)་ཡི་གྲོང་ཁྱེར་སྤྱི་ཁྱབ་(Jacob Fry)་ལགས་ཀྱིས་ཕྱི་ཟླ་༩་བའི་ཚེས་༡༦་དེ་བཞིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཉིན་མོར་སྲུང་བརྩི་ཞུས་པ་གཞུང་འབྲེལ་སྒོ་ནས་གསལ་བསྒྲགས་སྤེལ་འདུག
གྲོང་ཁྱེར་སྤྱི་ཁྱབ་པ་(Jacob Frey)་ལགས་ཀྱིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཆེ་བསྟོད་དང་གུས་བརྩི་ཞུ་རྒྱུའི་དོན་དུ་གཞུང་འབྲེལ་གསལ་བསྒྲགས་དེ་གནང་དོན་གཙོ་བོ་ནི། སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་ནས་འགྲོ་བ་མིའི་རིགས་ཀྱི་རིན་ཐང་གོང་འཕེལ་གཏོང་གནང་གི་དགོངས་པ་དང་། ཆོས་ལུགས་འདྲ་མིན་ཕན་ཚུན་ཞི་མཐུན་མཉམ་གནས་ཡོང་ཐབས། དེ་བཞིན་བོད་མི་དམངས་ཀྱི་བདེ་དོན་ཆེད་སྐུ་ངལ་སྐྱོན་བཞིན་པ་ཁག་གསལ་ཁ་འདོན་གནང་ཕྱིར་ཡང་ཡིན་པ་གསུངས་འདུག་ལ། དེ་བཞིན་གྲོང་ཁྱེར་སྤྱི་ཁྱབ་པས། ༧གོང་ས་ཏཱ་ལའི་བླ་མ་མཆོག་གྲོང་ཁྱེར་འདིའི་ནང་ཐེངས་གསུམ་ཆིབས་བསྒྱུར་གྱིས་མཛད་འཕྲིན་བསྐྱངས་གནང་མཛད་སྟབས། ༧གོང་ས་མཆོག་དང་གྲོང་ཁྱེར་འདི་གཉིས་བར་འབྲེལ་བ་གཏིང་ཟབ་ཡོད་པ་ངོས་འཛིན་ཞུས་གནང་འདུག
ད་དུང་གྲོང་ཁྱེར་སྤྱི་ཁྱབ་པ་་(Frey) ལགས་ཀྱི་མཚན་ཐོག་ནས་སྤེལ་བའི་ཡོངས་ཁྱབ་བསྒྲགས་གཏམ་དེའི་ནང་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཁྱོན་ཡོངས་ཀྱི་མི་རིགས་འདྲ་མིན་ཡོངས་ལ་འཚེ་མེད་ཞི་བ་དང་བཟོད་བསྲན། བྱམས་བརྩེ་སོགས་ཀྱི་ཐོག་བཀའ་སློབ་ཟབ་མོ་སྩོལ་བཞིན་པར་ཁོང་ལ་གུས་བརྩི་ཆེན་པོ་ཞུ་བཞིན་ཡོད་སྟབས་(Minneapolis)་གྲོང་ཁྱེར་གྱིས་༧གོང་ས་ཏཱ་ལའི་བླ་མཆོག་ནི་དོན་དམ་པའི་འཛམ་གླིང་ཞི་བདེའི་དེད་དཔོན་དང་བྱམས་དང་སྙིང་རྗེའི་མཚོན་རྟགས་ཤིག་ཏུ་ངོས་འཛིན་ཞུ་ཡི་ཡོད་པ་གསུངས་འདུག མི་ནི་ཡ་པོ་ལིསི་གྲོང་ཁྱེར་སྲིད་གཞུང་གི་ངོས་ནས་ཀྱང་བྱམས་བརྩེའི་རྒྱུན་སྲོལ་ཐོག་རྒྱུན་རིང་ནས་འབད་བརྩོན་བྱེད་བཞིན་པ་དང་། གྲོང་ཁྱེར་དེའི་ནང་གནས་སྡོད་མི་མང་ཚོས་ཀྱང་ཉིན་རེའི་འཚོ་བའི་ནང་མཛའ་བརྩེ་ལྡན་པའི་ཁོར་ཡུག་ཞིག་བསྐྲུན་ཐབས་ཐད་འབད་བརྩོན་བྱེད་བཞིན་ཡོད་པ་བཀོད་འདུག
གྲོང་ཁྱེར་དེས་དེ་སྔོན་ཕྱི་ལོ་༢༠༡༤་ལོའི་ཕྱི་ཟླ་༣་ཚེས་༢༤་དང་ཕྱི་ལོ་༢༠༡༧ལོའི་ཕྱི་ཟླ་༦་ཚེས་༢༦། དེ་བཞིན་ཕྱི་ལོ་༢༠༡༩ལོའི་ཕྱི་ཟླ་༣་ཚེས་༣༡་བཅས་ཀྱང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཞི་བདེ་དང་བྱམས་བརྩེའི་ཉིན་མོར་སྲུང་བརྩི་ཞུ་རྒྱུའི་གསལ་བསྒྲགས་གནང་སྟེ་༧མགོན་པོ་གང་ཉིད་ནས་མི་སྒེར་པ་དང་སྤྱི་ཚོགས་ཁྲོད་བྱམས་སྙིང་རྗེ་དར་འཕེལ་མཛད་རྒྱུའི་དགོངས་གཞི་ཁག་གོང་འཕེལ་གཏོང་ཐབས་གནང་འདུག
ཡང་ད་རེས་གྲོང་ཁྱེར་(Minneapolis)་ནང་གི་མི་མང་རྣམས་མཉམ་འཛོམས་ཀྱིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཉིན་མོ་སྲུང་བརྩི་ཞུས་པ་དེ་ནི། ༧མགོན་པོ་གང་ཉིད་ལ་ཆེ་བསྟོད་དང་གུས་བརྩི་ཞུ་རྒྱུ་ཙམ་མ་ཡིན་པར་མི་མང་ཁྲོད་བྱམས་དང་སྙིང་རྗེའི་སྟོབས་ཤུགས་ལ་བརྟེན་ནས་སྤྱི་ཚོགས་འཆམ་མཐུན་དང་འཛམ་གླིང་ལ་རེ་བ་དང་ཆིག་སྒྲིལ་གྱི་བརྡ་ལན་སྤྲོད་ཀྱི་ཡོད་སྐོར་(Minneapolis)་གྲོང་ཁྱེར་སྤྱི་ཁྱབ་(Jacob Fry)་ ལགས་ཀྱིས་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བ་དེའི་ནང་བཀོད་གནང་འདུག
གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།