གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་བོད་མིའི་སྒྲིག་འཛུགས་ཀྱིས་༧གོང་ས་མཆོག་ལ་བརྟན་བཞུགས་འབུལ་གཏན་འཁེལ་འདུག

བོད་མིའི་སྒྲིག་འཛུགས་ཀྱིས་རིང་མིན་གཞིས་བྱེས་བོད་མི་ལྷ་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་གཏན་འཁེལ་འདུག

བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་གཙོ་འགན་པ་བཀའ་དྲུང་སྦྲ་གཉིས་ཚེ་རྒྱལ་ལགས། ༠༡།༢༠༢༣ RFA / Dhasa

བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲུང་ཡིག་ཚང་ནས་སྤྱི་ཟླ་༡ཚེས་༦ཉིན། ཡོངས་ཁྱབ་གསལ་བསྒྲགས་སྤེལ་བའི་ནང་། བོད་ཟླ་༡པོའི་ཚེས་༢༠འི་རྗེས་ཀྱི་གཟའ་ཚེས་དགེ་བའི་ཉིན་ཞིག་ལ། འཕགས་ཡུལ་རྡ་རམ་ས་ལ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་གཞིས་བྱེས་ལྷ་མི་ཡོངས་ཀྱི་ཚབ་ཞུས་ཏེ། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ལ། སྐུ་གེགས་ཀྱི་མཚན་མ་ཅི་མཆིས་རྨེག་མེད་དུ་ཞི་ནས་སྐུ་ཚེ་ཡུན་དུ་བརྟན་པ་དང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པའི་ཆེད་དུ། བརྟན་བཞུགས་བསྟར་འབུལ་ཞུ་གཏན་འཁེལ་ཡོད་པས། བླ་སློབ་དད་དམ་དང་སྤྱི་མཐུན་དགེ་ཚོགས་རྟེན་འབྲེལ་མཚོན་ཕྱིར། བློས་བཅད་ཞལ་འདེབས་འབུལ་བློ་ཡོད་མཁན་རྣམས་ཀྱིས་རང་ཉིད་གནས་ཡུལ་ས་གནས་འགོ་འཛིན་ལས་ཁུངས་དང་། བོད་རིགས་ཚོགས་པའམ་བོད་རིགས་སྤྱི་མཐུན་ཚོགས་པ་སོ་སོས་སྐུ་ཚབ་དོན་གཅོད་ལས་ཁུངས་བརྒྱུད། ཆོས་རིག་ལས་ཁུངས་སུ་འབུལ་གཏོང་དགོས་པའི་གསལ་བསྒྲགས་ཞེས་སྤེལ་འདུག
བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་གཙོ་འགན་པ་བཀའ་དྲུང་སྦྲ་གཉིས་ཚེ་རྒྱལ་ལགས་ཀྱིས་གསུང་ན། དེ་ཟླ་བ་ལྔ་དྲུག་གི་གོང་ནས་བཀའ་ཤག་ནང་བཀའ་བསྡུར་ཐག་ཆོད་པ་དང་འབྲེལ། བརྟན་བཞུགས་འབུལ་རྒྱུ་དགའ་ལྡན་ཕོ་བྲང་ལ་སྙན་སེང་ཞུས་བར། བོད་ལོ་གསར་པའི་ནང་བརྟན་བཞུགས་འབུལ་རྒྱུའི་བང་བསྒྲིག་ན་ཡག་པོ་ཡོད་པའི་བཀའ་ཕེབས་པ་གཞིར་བཟུང་། ད་ལྟའི་ཆར་ཚེས་ཆ་གཏན་འཁེལ་མེད། ཡིན་ན་ཡང་བརྟན་བཞུགས་སྐབས་ཀྱི་རྡོ་རྗེ་སློབ་དཔོན་དེ་དགའ་ལྡན་ཁྲི་རིན་པོ་ཆེ་གཏན་འཁེལ་བྱུང་ཡོད་པ་དང་། འབུལ་རྟེན་དང་སྐབས་བབས་ཀྱི་ཆོ་ག་སོགས་ད་དུང་གཏན་འཁེལ་གནང་མེད། སྤྱིར་ཚོགས་སྐྱིད་ཁག་མང་པོ་ནས་༧གོང་ས་མཆོག་ལ་བརྟན་བཞུགས་ཕུལ་བཞིན་པ་དང་། བོད་མིའི་སྒྲིག་འཛུགས་ཀྱིས་བརྟན་བཞུགས་ཕུལ་ན་གཞིས་བྱེས་བོད་མི་ཡོངས་ཀྱི་ངོ་ཚབ་མཚོན་གྱི་ཡོད་པས་གནད་འགག་ཡོད་པ་འགྲེལ་བརྗོད་གནང་བྱུང་།
བོད་མིའི་སྒྲིག་འཛུགས་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་འགན་གཙོ་བོ་བཀའ་དྲུང་གིས་འཁུར་བཞིན་པ་དང་ཆབས་ཅིག ལྷན་ཁང་ཁག་བདུན་གྱི་དྲུང་ཆེ་རྣམ་པ་ཚོགས་ཆུང་གི་ཚོགས་མི་ཡིན་པ་དང་། ད་ལྟའི་ཆར་དཔལ་འབྱོར་གནད་འགག་ཆེ་ཤོས་ཡིན་པས་གསལ་བསྒྲགས་དང་པོ་དེར་ཞལ་འདེབས་མ་གཏོགས་འཁོད་མེད་ནའང་། དགེ་སྒྲུབ་སྡིག་སྤོང་གི་ལམ་སྟོན་སོགས་རིམ་པས་ཡོང་རྒྱུ་དང་ད་ལྟ་དམིགས་བསལ་ཐུགས་ཐག་ཆོད་མེད་པ་འགྲེལ་བརྗོད་གནང་སོང་།


གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org