༧གོང་ས་མཆོག་གིས་ལྷོ་བྱང་ཀོ་རི་ཡའི་དབུ་ཁྲིད་གཉིས་ལ་འཚམས་འཕྲིན་སྩལ་འདུག

ཀོ་རི་ཡ་ཕྱེད་གླིང་ནང་ཞི་བདེ་ཕུགས་འཕེར་ལྡན་པ་ཞིག་ཡོང་བའི་ཐུགས་རེ་ཡོད་ཅེས་༧གོང་ས་མཆོག་གིས་འཚམས་འཕྲིན་སྩལ་འདུག

ལྷོ་བྱང་ཀོ་རི་ཡའི་སྲིད་འཛིན་རྣམ་གཉིས་མཇལ་འཕྲད་སྐབས། ༢༠༡༨།༤།༢༧ AP

ཀོ་རི་ཡ་ཕྱེད་གླིང་ནང་ཞི་བདེ་ཕུགས་འཕེར་ལྡན་པ་ཞིག་ཡོང་བའི་ཐུགས་རེ་ཡོད་ཅེས་༧གོང་ས་མཆོག་གིས་འཚམས་འཕྲིན་སྩལ་འདུག
དེ་ཡང་ཀོ་རི་ཡ་ཕྱེད་གླིང་དེ་བཞིན་རྡུལ་ཕྲན་གོ་མཚོན་རྩ་བ་ནས་མེད་པ་བཟོ་རྒྱུའི་ཕྱོགས་སུ་གྲོས་མོལ་གནང་རྒྱུ་དང་། དེ་སྔ་ཕྱོགས་གཉིས་དབར་བཞག་པའི་ཀོ་རི་ཡའི་དམག་འཁྲུག་མཚམས་འཇོག་གི་མཐུན་གྲོས་དེ་དག་ཞི་བདེའི་མཐུན་གྲོས་སུ་བསྒྱུར་རྒྱུའི་ཁས་ལེན་ཀོ་རི་ཡ་ལྷོ་བྱང་གཉིས་ཀྱི་གནང་ཡོད་པ་དེར་ཚེས་༣༠་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཀོ་རི་ཡ་ལྷོ་བྱང་གཉིས་ཀྱི་དབུ་ཁྲིད་རྣམ་གཉིས་ལ་ཁག་སོ་སོར་བཀྲིས་བདེ་ལེགས་ཀྱི་འཚམས་འཕྲིན་གསོལ་སྩལ་གནང་འདུག
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། ངོས་རང་འཛམ་གླིང་ཁྱོན་ཡོངས་སུ་དམག་དོན་གྱི་ལས་གཞི་མཚམས་འཇོག་དང་རྡུལ་ཕྲན་གོ་མཚོན་རྩ་བ་ནས་མེད་པ་བཟོ་ཐབས་སུ་ཁས་ལེན་དམ་བཅའ་གཙང་བཅད་ཀྱིས་ལས་འགུལ་སྤེལ་མཁན་ཞིག་ཡིན་པའི་ཆ་ནས་ད་རེས་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱི་དབུ་ཁྲིད་དབར་བཀའ་མོལ་གནང་བའི་གྲུབ་འབྲས་སུ་ཀོ་རི་ཡ་ཕྱེད་གླིང་ནང་ཞི་བདེ་ཕུགས་འཕེར་ལྡན་པ་ཞིག་ཡོང་བའི་ཐུགས་རེ་ཡོད་ཅེས་དང་། ད་ཕན་དམག་འཁྲུག་གིས་འཛམ་གླིང་ནང་མི་ཚང་མར་དཀའ་སྡུག་ཆེན་པོ་བཟོས་ཡོད་པ་ཚང་མས་ཤེས་གསལ་ལྟར། གྲོས་མོལ་གྱི་ལམ་ནས་ཕན་ཚུན་ཡིད་ཆེས་དང་རེ་བ། དེ་བཞིན་མཛའ་གྲོགས་ཆགས་ཐུབ་རྒྱུ་ཡིན་པར་བརྟེན། རྒྱལ་སྤྱིའི་ཡུལ་ཁག་ཚོས་ཀོ་རི་ཡ་ལྷོ་བྱང་གཉིས་དབར་ཞི་མཐུན་གྱི་འབྲེལ་ལམ་ཡོང་རྒྱུའི་ཐབས་ཤེས་ལ་རྒྱབ་སྐྱོར་གནང་བའི་ཡིད་ཆེས་གཏན་པོ་ཡོད་ཅེས་༧གོང་ས་མཆོག་གིས་བཀའ་གནང་འདུག།

གསར་འགོད་པ་རིག་ལྡན་སྒྲོལ་མ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org