ཞེ་ཅིན་ཕེན་གྱིས་ནང་ཆོས་ཐད་གསུངས་པ་སེམས་ལ་བཅངས་དགོས།

༧གོང་ས་མཆོག་གིས་རྒྱ་རིཊ་དད་ལྡན་པ་ཚོར་སྲིད་འཛིན་ཞེ་ཡིས་ནང་ཆོས་ཐད་གཏམ་བཤད་གནང་བ་སེམས་ལ་བཅངས་དགོས་པ་གསུངས་འདུག

༧གོང་ས་མཆོག་གིས་བཀྲ་ཤིས་ལྷུན་པོར་དད་ལྡན་ཆོས་ཞུ་བ་ཚོར་མཇལ་བཞིན་པ། ༢༠༡༥།༡༢།༢༡ Tenzin Choejor/OHHDL

༧གོང་ས་མཆོག་གིས་རྒྱ་རིཊ་དད་ལྡན་པ་ཚོར་སྲིད་འཛིན་ཞེ་ཡིས་ནང་ཆོས་ཐད་གཏམ་བཤད་གནང་བ་སེམས་ལ་བཅངས་དགོས་པ་གསུངས་འདུག
དེ་ཡང་བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། འདི་ཚེས་༢༢་ཉིན་གྱི་སྔ་དྲོར་རྒྱ་གར་ལྷོ་ཕྱོགས་བྷེལ་ཀོབ་བོད་མིའི་གཞིས་ཆགས་ནང་། བྱང་ཆུབ་ལམ་རིམ་ཆེན་མོའི་བཀའ་འཁྲིད་ཉིན་གསུམ་པའི་ཆོས་འབྲེལ་དབུ་ཚུགས་མ་མཛད་པའི་གོང་ལ་རྒྱ་རིགས་ཆོས་ཞུ་བ་མི་གྲངས་༡༥༠་ལྷག་ལ་མཇལ་ཁ་དང་བཀའ་སློབ་སྩལ་གནང་མཛད་འདུག
སྐབས་དེར་༧གོང་ས་མཆོག་གིས་ཆོས་བརྒྱུད་མང་ཆེ་བས་བྱམས་དང་སྙིང་རྗེའི་སྐོར་གསུངས་ཀྱི་ཡོད་ན་ཡང་Godའམ་འཇིག་རྟེན་བཀོད་པ་པོ་ལ་ཡིད་ཆེས་བྱེད་མཁན་ཚོས་ཁོང་ནས་རོགས་སྐྱོར་ཐོབ་ཐབས་སུ་སྨོན་ལམ་བཏབ་ཀྱི་ཡོད་རེད། ཡིན་ནའི་ནང་པ་སངས་རྒྱས་ཀྱིས་རང་རང་སོ་སོས་ལས་ཀ་བྱ་རྒྱུར་དོ་སྣང་བྱེད་ཀྱི་ཡོད་པ་རེད་ཅེས་དང་། རྒྱ་ནག་ནང་ནང་པ་ས་ཡ་༣༠༠་ལྷག་ཡོད་པ་གསན་བྱུང་། གལ་ཏེ་ཁྱེད་རྣམས་རང་ཉིད་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་འཇུག་ཡིན་བསམ་གྱི་ཡོད་ན་ནང་ཆོས་སློབ་གཉེར་ངེས་པར་དུ་བྱེད་དགོས་ཀྱི་རེད། ཚེ་དཔག་མེད་ཀྱི་གཟུངས་བསྔགས་ཡང་ཡང་བགྲངས་པ་ཙམ་གྱི་འགྲིག་གི་མ་རེད། ཁྱེད་རང་ཚོས་དོ་སྣང་བྱེད་དགོས་པ་ཞིག་ནི་དགེ་རྒན་ཚད་ལྡན་པ་རྣམས་ཀྱིས་འབུལ་བ་མང་པོ་ཐོབ་རྒྱུར་སེམས་ཁྲལ་བྱེད་ཀྱི་མ་རེད་ལ་དེ་བཞིན་དུ་རྒྱ་ནག་གི་སྲིད་འཛིན་ཞེ་ཅིང་ཕེན་གྱིས་ནང་ཆོས་ཀྱིས་རྒྱ་ནག་གི་རིག་གཞུང་ཉམས་པ་སླར་གསོར་གལ་གནད་ཆེ་བའི་ལེགས་སྐྱེས་ཕུལ་ཐུབ་རྒྱུ་ཡིན་ལུགས་དེ་སྔོན་ཕ་རན་སིའི་རྒྱལ་ས་དང་། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་གཏམ་བཤད་གནང་བ་དེ་ཡང་སེམས་ལ་བཅངས་དགོས་སྐོར་སོགས་བཀའ་སློབ་སྩལ་འདུག
དེ་ནས་༧གོང་ས་མཆོག་ལ་རྒྱ་རིགས་ཚོས་སྟོང་ཉིད་དང་བྱང་ཆུབ་སེམས་པ་སོགས་ཀྱི་སྐོར་བཀའ་འདྲི་ཞུས་པ་ཁག་ལ་བཀའ་ལན་སྩལ་འདུག
༧གོང་ས་མཆོག་གིས་རྒྱ་རིགས་ཆོས་ཞུ་བ་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ་གནང་གྲུབ་མཚམས་སུ། གལ་ཏེ་རྒྱ་ནག་ནང་ནང་ཆོས་ཐོག་བལྟ་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཕྱིན་པ་ཡིན་ན། གཟའ་འཁོར་སྔོན་མའི་ནང་བྱེས་ཀྱི་གདན་ས་ཆེན་མོ་སེ་ར་དགོན་པའི་ནང་སེམས་དང་སྲོག་གམ་ནང་ཆོས་དང་ཚན་རིག་དབར་བགྲོ་གླེང་ཚོགས་འདུ་འཚོགས་པ་དེ་འདྲ་རྒྱ་ནག་ནང་འཚོགས་སྲིད་སྐོར་ཡང་བཀའ་སྩལ་གནང་མཛད་འདུག དེ་ནས་༧གོང་ས་མཆོག་གིས་དད་ལྡན་མང་ཚོགས་༣༠༠༠༠་ལྷག་ལ་བྱང་ཆུབ་ལམ་རིམ་ཆེན་མོའི་གསུང་ཆོས་མུ་མཐུད་ནས་བཀྲིན་ཆེ་གནང་མཛད་བཞིན་པ་རེད།

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org