ཨ་རིའི་གྲོས་ཚོགས་ནང་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི།
༧གོང་ས་མཆོག་ནི་འཛམ་གླིང་གི་ཞི་བདེའི་དབུ་ཁྲིད་ཞིག་ཡིན་པ་ཨ་རིའི་གྲོས་ཚོཊ་ནང་འཁྲུངས་སྐར་སྲུང་བརྩིའི་སྐབས་ཚང་མས་གསུངས་འདུག
-
2017-06-28 -
-
-
Your browser doesn’t support HTML5 audio
༧གོང་ས་མཆོག་ནི་འཛམ་གླིང་གི་ཞི་བདེའི་དབུ་ཁྲིད་ཞིག་ཡིན་པ་ཨ་རིའི་གྲོས་ཚོཊ་ནང་འཁྲུངས་སྐར་སྲུང་བརྩིའི་སྐབས་གནད་ཡོད་ཚང་མས་གསུངས་འདུག
དེ་ཡང་སྤྱི་ཚེས་༢༧ཉིན་གྱི་དགོང་དྲོར་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཁང་ནང་། ཨ་རིའི་གྲོས་ཚོགས་འོག་མའི་མང་གཙོ་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པེ་ལོ་སི་( Nancy Pelosi)དང་། གྲོས་ཚོགས་འཐུས་མི་ཇིམ་སེན་སེན་བྷེ་ནར་ (Jim Sensenbrenner)གྲོས་ཚོགས་འཐུས་མི་ཇིམ་མེག་གྷོ་ཝན་( Jim McGovern)སོགས་དང་། ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྐུ་ཞབས་རི་ཆརཌ་གྷིཡར་( Richard Gere) ཨ་རིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྐུ་ཚབ་ཟུར་པ་ཀཱིཐ་ཧར་པཱར་ (Keith Harper)བྱང་ཨ་རིའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་མེཐིའུ་མེ་ཁ་ཅི་( Matteo Mecacci )་སོགས་གྲོས་ཚོགས་ཀྱི་སྤྱི་མཐུན་དང་མང་གཙོ་ཚོགས་པ་བཅས་ཆབ་སྲིད་ཚོགས་པ་གཉིས་ཀའི་གྲོས་ཚོགས་འཐུས་མི་བཅུ་གཉིས་ཙམ་དང་། སྐུ་མགྲོན་བཅས་ཁྱོན་མི་གྲངས་སུམ་བརྒྱ་ལྷག་མཉམ་ཞུགས་ཐོག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཆེད་བསྟོད་ཞུ་ཆེད་དགུང་གྲངས་ ༨༢ ལ་ཕེབས་པའི་༧སྐུའི་འཁྲུངས་སྐར་སྔ་ནུར་གྱིས་སྲུང་བརྩི་ཞུས་ཡོད་པ་རེད།
མཛད་སྒོའི་སྐབས་རྒྱུན་རིང་བོད་དོན་ཐད་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཨ་རིའི་གྲོས་ཚོགས་འོག་མའི་མང་གཙོ་ཚོགས་པའི་དབུ་ཁྲིད་ནེན་སི་པེ་ལོ་སི་མཆོག་གིས་བོད་དོན་ཐད་རྒྱབ་སྐྱོར་གནང་བ་བརྒྱུད། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་སྲུང་སྐྱོབ་བྱ་རྒྱུ་འདི་ནི་བོད་མི་གཅིག་པུའི་ཆེད་མིན་པར་འཛམ་གླིང་གི་གཅེས་ནོར་ཞིག་སྲུང་སྐྱོབ་བྱེད་པ་ཞིག་ཡིན་པ་གསུངས་ཤིང་། ཁོང་དང་གཞན་ཡང་གསུང་བཤད་གནང་མཁན་གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཨ་རིའི་སྐུ་ཚབ་ཟུར་པ་ཀཱིཐ་ཧར་པཱར་ཚང་མས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་འཛམ་གླིང་ནང་གི་ཞི་བདེའི་དབུ་ཁྲིད་ཞིག་ཡིན་པ་ཞལ་གཅིག་གྲགས་ཀྱི་གསུངས་ཡོད་པ་རེད།
ཡང་བོད་དོན་རྒྱབ་སྐྱོར་བ་དང་ཨ་རིའི་ནང་གི་གྲགས་ཅན་གློག་བརྙན་འཁྲབ་སྟོན་པ་སྐུ་ཞབས་རི་ཆརཌ་གྷིཡར་ལགས་ཀྱིས། ཁོང་གི་ངོས་ནས་འཛམ་གླིང་ནང་འཕྲད་པའི་དཀའ་རྙོག་མང་དག་ཞིག་སེལ་རྒྱུར་རྒྱབ་སྐྱོར་ཞུ་ཡི་ཡོད་ཀྱང་། བོད་དོན་དང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱབ་སྐྱོར་ཞུ་བ་དེ་ནི་དོན་དམ་པའི་ཡིད་ཆེས་ཐོག་རྩ་བ་ནས་ནོར་མེད་པ་ཞིག་ཏུ་ངོས་འཛིན་གནང་གི་ཡོད་ཅེས་དང་། གྲོས་ཚོགས་ཀྱི་འཐུས་མི་དང་བོད་པའི་གྲོགས་པོ་ཚོས་མུ་འཐུད་གྲུབ་འབྲས་སོན་ཐུབ་པའི་ཚད་ལྡན་རྒྱབ་སྐྱོར་འོག་དུས་ཚོད་རིང་པོར་མི་འགོར་བའི་སྔོན་དུ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་པོ་ཏཱ་ལར་ཞབས་སོར་འགོད་ཐུབ་པ་ཡོང་བའི་འབོད་སྐུལ་གནང་ཡོད་པ་རེད། ཁོང་གིས་ད་དུང་གྲོས་ཚོགས་འཐུས་མིའི་ལས་བྱེད་པ་ཚོ་ནི་ལས་ཀ་དངོས་ཡོད་གནང་མཁན་ཚོ་ཡིན་སྟབས། མཛད་སྒོའི་སྐབས་སླེབས་པའི་གྲོས་ཚོགས་ཀྱི་འཐུས་མིའི་ལས་བྱེད་པ་རྣམས་མདུན་དུ་ཁོང་གི་གཡས་གཡོན་དུ་ཆེད་འབོད་གནང་ཏེ་ཐུགས་རྗེ་ཆེ་ཞུ་བ་སྦྲགས། སྐུ་པར་ལྷན་རྒྱས་སྒྲོན་པ་སོགས་གནང་ཞིང་། འཐུས་མིའི་ལས་བྱེད་པ་དང་དེ་ཕྱོགས་སུ་འཛོམས་པའི་མི་ཚོས་དགའ་བསུ་ཆེན་པོ་ཞུས་ཡོད་པས་རེད།
ཡང་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་ཨི་ལེ་ན་རོསི་ལེ་ཐི་ནན་(Ileana Ros-Lehtinen)གྱིས་ཨ་རིའི་གྲོས་ཚོགས་ནང་རྒྱ་ནག་གཞུང་གིས་ཨ་རིའི་ནང་གཞུང་ཚབ་ཡན་ལག་སྣོན་མ་འཛུག་རྒྱུར་བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཨ་རིའི་གཞུང་ཚབ་ཡན་ལག་ལས་ཁུངས་འཛུག་རྒྱུར་ཆོག་མཆན་དགོས་པ་དང་། དེ་བཞིན་རྒྱ་ནག་གི་མི་སེར་ཨ་རིའི་ནང་ཡོང་རྒྱུར་བཀག་འགོག་མེད་པ་ལྟར། རྒྱ་ནག་གིས་ཀྱང་ཨ་རིའི་མི་སེར་བོད་ནང་འགྲོ་རྒྱུར་བཀག་འགོག་མེད་པ་བཟོ་དགོས་པ་སོགས་ཕར་འཇལ་ཚུར་འཇལ་དགོས་པའི་གྲོས་གཞི་ཞིག་བཏོན་ཡོད་པ་དེ་མཇུག་སྐྱོང་གནང་རྒྱུའི་ཁས་ལེན་གནང་པ་དང་སྦྲགས། གལ་ཏེ་ཨ་རིའི་མི་སེར་ཐོག་རྒྱ་ནག་གིས་བོད་ནང་འགྲོ་རྒྱུ་བཀག་འགོག་བྱེད་ཚེ་རྒྱ་ནག་གི་མི་སེར་ཨ་རིའི་ནང་ཡོང་རྒྱུའི་ཐད་ལ་ཡང་དགག་བྱ་གནང་རྒྱུ་ཡིན་པ་གསུངས་ཡོད་པ་རེད།
འདས་པའི་ལོ་གཉིས་ཙམ་རིང་ཨ་རིའི་རྒྱལ་སའི་ནང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་བའི་ལས་རིམ་འཚོགས་ཐུབ་མེད་པ་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་ལགས་ཀྱིས་འགྲེལ་བརྗོད་གནང་ཞིང་། ཐེངས་འདིར་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་བཅུ་གཉིས་ཙམ་དངོས་སུ་ཕེབས་པ་དང་། ཕེབས་མ་ཐུབ་མཁན་མང་དག་ཞིག་གིས་རང་ཉིད་ཀྱི་སྐུ་ཚབ་ཆེད་གཏོང་གནང་བ་བཅས་ཐེངས་འདིའི་འདུ་འཛོམས་འདི་ནི་ད་བར་གྲོས་ཚོགས་ནང་༧སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་པའི་ནང་གི་མི་ཚོགས་འདུ་འཛོམས་མང་ཤོས་དེ་ཡིན་འདུག
ད་ཐེངས་མཛད་སྒོ་གོ་སྒྲིག་ཞུ་མཁན་ནི་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གཉིས་ཡིན་པ་རེད།
གཞན་ཡང། སྤྱི་ཚེས་༢༦ཉིན་སྐུ་ཞབས་རོས་ས་ཆར་གྷེར་ནས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་གིས་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་མི་དྲུག་དང་ཐུག་འཕྲད་ཀྱིས་བོད་དོན་ལས་གཞིའི་ཐད་གླེང་མོལ་གནང་ཡོད་པ་དང་། ཨ་རིའི་གྲོས་ཚོགས་ཀྱི་སྔོན་རྩིས་བཀའ་འཁྲོལ་གཏན་འབེབས་ཚོགས་ཆུང་གིས་བོད་དོན་ལས་འཆར་ཐོག་རོགས་དངུལ་མུ་མཐུད་གནང་ཐབས་ཆེད་འབད་བརྩོན་གནང་རྒྱུའི་ཁས་ལེན་བྱས་འདུག
གོང་ཞུས་བོད་དོན་ཞུ་གཏུགས་སྐབས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་མཆོག་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་སྐུ་ཞབས་(Matteo Mecacci)ལགས། འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་བཅས་ཡོད་འདུག
གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།