ཚེ་དབང་བསྩལ་འདུག
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ཁས་ལེན་མིན་ལྟོས་མེད་གཙོ་བོ་སེམས་བཟང་པོ་བྱེད་དགོས་པ་གལ་ཆེན་པོ་ཡིན་སྐོར་བཀའ་གནང་འདུག
-
2013-08-22 -
-
-
༄༅། །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བྱང་ཕྱོགས་ལ་དྭགས་ཁུལ་བདུན་ཕྲག་གསུམ་རིང་སྐུ་མཚམས་སུ་བཞུགས་ཡོད་པ་དང་། སྐུ་མཚམས་གྲོལ་རྗེས་ཁ་སང་ཚེས་༢༡ཉིན་ཁུལ་དེར་བཅའ་སྡོད་བོད་རིགས་དང་ལ་དྭགས་པ་སོགས་དད་ལྡན་པ་སྟོང་ཕྲག་འགའ་ཤས་ལ་སྒྲོལ་དཀར་གྱི་ཚེ་དབང་དང་། བདེན་པ་བཞིའི་སྐོར་ཆོས་འབྲེལ་བསྩལ་གནང་ཡོད་པ་རེད། སྐབས་དེར་༧གོང་ས་མཆོག་གིས་ཆོས་ཁས་ལེན་མཁན་ཡིན་མིན་ལ་མ་ལྟོས་པར་མི་བཟང་པོ་ཞིག་ཡོང་ཐབས་བྱ་རྒྱུ་དང་། ལྷག་པར་དུ་གཞན་ཕན་གྱི་བསམ་བློ་ཡོད་མཁན་ཞིག་བྱེད་དགོས་རྒྱུ་གལ་ཆེན་པོ་རེད་ཅེས་བཀའ་གནང་འདུག ཡང་༧གོང་ས་མཆོག་གིས་ལ་དྭགས་ནང་ལ་ཆ་མཚོན་ན། ནང་པ་དང་ཁ་ཆེའི་དབར་མཐུན་སྒྲིལ་དམ་ཟབ་ངང་གནས་ཐུབ་པ་དེར་ཧ་ཅང་ཐུགས་དགྱེས་འཚོར་ཆེན་པོ་ཡོད་ལ། དེ་ནི་འཛམ་གླིང་ནང་མིག་དཔེ་འོས་པ་ཞིག་ཀྱང་རེད་ཅེས་གསུངས་འདུག ཡང་ཆོས་འབྲེལ་སྐབས་༧གོང་ས་མཆོག་གིས་འཆར་ལོ་ ༢༠༡༤ ལོར་ལ་དྭགས་ནང་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བསྩལ་གནང་གི་ཡོད་པར་སོང་། ཆོས་ཞུ་བ་ཚོས་ད་ལྟ་ནས་འགོ་བཙུགས་ཏེ་སྔོན་འགྲོའི་ཚུལ་དུ་བྱང་ཆུབ་ཀྱི་སེམས་སྒོམ་པ་དང་། ཉམས་ལེན་བྱེད་དགོས་པའི་ལམ་སྟོན་བསྩལ་གནང་ཡོད་པ་རེད། ལ་དྭགས་ཁུལ་གྱི་ད་རེས་ཀྱི་ཆོས་འབྲེལ་དེ་ལ་དྭགས་ནང་པའི་མཐུན་ཚོགས་ནས་གོ་སྒྲིག་ཞུས་པ་ཞིག་ཡིན་རེད།།