༸གོང་ས་མཆོག་བཞུགས་སྒར་དུ་༸ཞབས་སོར་འཁོད་པ།
༸གོང་ས་མཆོག་གིས་རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་གསུམ་ནང་གི་མཛད་འཕྲིན་ལེགས་པར་འགྲུབ་སྟེ་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་གནང་མཛད་འདུག།
-
2017-11-24 -
-
-
༸གོང་ས་མཆོག་བཞུགས་སྒར་དུ་༸ཞབས་སོར་བཀོད་པ། 11/24/2017
Your browser doesn’t support HTML5 audio
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་གསུམ་ནང་གི་མཛད་འཕྲིན་ལེགས་པར་འགྲུབ་སྟེ་ཚེས༢༤ཉིན་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་གནང་མཛད་འདུག
གྷ་གལ་གནམ་ཐང་དུ་སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་། སྤྱི་འཐུས་ཚོགས་གཞོན་ཨཱཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག དེ་བཞིན་སྤྱི་འཐུས་རྒྱུན་ལས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས། རྡ་ས་ས་གནས་འགོ་འཛིན་སོགས་ཕེབས་བསུར་སྐུ་བཅར་ཞུས་གནང་ཡོད་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་ ༡༡ ཚེས་ ༡༧ ཉིན་ལྡི་ལིར་༸ཞབས་སོར་འཁོད་རྗེས་ཕྱི་ཚེས་ ༡༨ཉིན་ཁུལ་དེར་རྟེན་གཞི་བྱས་པའི་Gyan Devi Salwan Public Schoolགཞུང་གི་སློབ་གྲྭར་ཀུན་ཁྱབ་འགན་ཁུར་ཐོག་བཀའ་སློབ་སྩལ་གནང་མཛད་ཡོད་པ་དང།ཚེས་ ༡༩ ཉིན་ལྡི་ལིར་རྟེན་གཞི་བྱས་པའི་བྱིས་པ་སྲུང་སྐྱོབ་ཐེབས་རྩ་ཁང་ Smile Foundation ཞེས་པར་ཆིབས་སྒྱུར་གྱིས་བླང་དོར་བཀའ་སློབ་སྩལ་བ་མ་ཟད། ཐེབས་རྩ་ཁང་དེར་ཧིན་སྒོར་འབུམ་ ༡༢༥ གསོལ་རས་གནང་འདུག
ཕྱི་ཚེས་ ༢༡ ཉིན་རྒྱ་གར་Orissa མངའ་སྡེའི་རྒྱལ་ས་Bhubaneswar ཆིབས་སྒྱུར་གྱིས་ཁུལ་དེར་རྟེན་གཞི་བྱས་པའི་སྤྱི་ཚོགས་ཚན་རིག་བསྟི་གནས་ཁང Kalinga Institute of Social Sciencesདུ་ཆིབས་སྒྱུར་གྱིས་དགེ་ལས་སློབ་ཕྲུག་ ༢༥༠༠༠ བརྒལ་བར་བཀའ་སློབ་བཀྲིན་ཆེ་གནང་མཛད་འདུག
ཕྱི་ཚེས་ ༢༣ ཉིན་༸གོང་ས་མཆོག་ནུབ་བྷེང་གལ་གྱི་རྒྱལ་ས་ཀོལ་ཀ་ཊར་ Kolkata རྒྱ་གར་ཚོང་པའི་ལྷན་ཚོགས་ Indian Chamber of Commerce གྱིས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར། རྒྱ་གར་གནའ་རབས་ཀྱི་རིག་གནས་སླརགསོའི་སྐོར་ལ་བཀའ་སློབ་སྩལ་གནང་མཛད་པ་དང་། གསར་འགོད་པས་བཀའ་དྲི་དགོངས་སྐོར་ཞུས་པའི་ལས་རིམ་སྐབས་༧གོང་ས་མཆོག་གིས་འདས་པ་ནི་དུས་ཚོད་ཡོལ་ཟིན་སྟབས་མ་འོངས་པའི་གནས་སྟངས་ཐོག་ལ་ང་ཚོས་བསམ་བློ་གཏོང་དགོས་ཀྱི་རེད་ཅེས་བཀའ་གནང་སྟེ། ང་ཚོས་རྒྱ་ནག་དང་ཁ་བྲལ་གྱིས་རང་བཙན་དགོས་ཟེར་གྱི་མེད། ང་ཚོ་རྒྱ་ནག་དང་མཉམ་དུ་བསྡད་ནས་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་བྱུང་ན་འགྲིགས་རྒྱུའི་བཞེངས་ཕྱོགས་གསལ་བཏོན་གནང་བཞག དེ་བཞིན་༧གོང་ས་མཆོག་གིས་བོད་མི་ཚོ་ལའང་དཔལ་འབྱོར་གྱི་ཁེ་ཕན་དགོས་ཀྱི་ཡོད་པར་བརྟེན། རྒྱ་ནག་གཞུང་གིས་བོད་མིའི་ཆོས་དང་རིག་གཞུང་གཞི་རྩར་གྱུར་བའི་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ངོ་བོ་དེ་དག་སྲུང་སྐྱོབ་བྱ་དགོས་པ་དང་ཕྱོགས་མཚུངས་བོད་ཀྱི་ཁོར་ཡུག་ལའང་སྲུང་སྐྱོབ་བྱ་དགོས་སྐོརབཀའ་གནང་འདུག བོད་མི་ཚོ་ལ་རང་གི་ཕ་མེས་ནས་ཐུན་མོང་མ་ཡིན་པའི་རིག་གཞུང་དང་། ལྷག་པར་སྐད་དང་ཡི་གེ་ཟུར་དུ་ཡོད། རྒྱ་མི་རིགས་ཚོས་རྒྱ་རིགས་ཡིན་བསམ་པའི་སྤོབས་པ་བྱས་པ་ལྟར་བོད་མི་ཚོ་ལའང་རང་ཉིད་བོད་རིགས་ཡིན་བསམ་པའི་སྤོབས་པ་ཡོད། ཅེས་བཀའ་སློབ་སྩལ་བ་དང་སྦྲགས་བོད་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་དེ་བོད་མི་ས་ཡ་དྲུག་ཁོ་ནའི་གནད་དོན་ཞིག་རྩ་བ་ནས་མིན་པར་མི་འབོར་ཐེར་འབུམ་དང་འབྲེལ་བ་ཡོད་པའི་གནད་དོན་ཞིག་ཡིན་ སྐོར་༧གོང་ས་མཆོག་གིས་གྲོང་ཁྱེར་ཀོལ་ཀ་ཏའི་ནང་བཀའ་སྩལ་འདུག
གསར་འགོད་པ་རིག་ལྡན་སྒྲོལ་མ།