༸གོང་ས་མཆོག་གིས། བཟང་ཕྱོགས་ཀྱི་བློ་དེ་མང་དུ་གཏོང་དགོས། ཞེས་ཨ་རིའི་ཧར་ཝརཌ་སློབ་མ་ཁག་ཅིག་ལ་བཀའ་སྩལ་བ།
རྒྱ་ནག་གཞུང་ལ་ཁོང་ཁྲོ་ལངས་རྒྱུའི་ཚབ་ལ་ཁོང་ཚོའི་འཕྲལ་གྱི་བསམ་བློ་གཏོང་སྟངས་ལ་སྙིང་རྗེ་སྐྱེས་ཀྱི་འདུག
- 2023-08-21
-
-
-
འདི་ཚེས་༢༡ཉིན་ལ་དྭགས་ཞི་བའི་ཚལ་ཕོ་བྲང་དུ།བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ཨ་རིའི་ཧར་ཝརཌ་གཙུག་ལག་སློབ་ཆེན་གྱི་སློབ་མ་༩ལ་མཇལ་དང་བཀའ་སློབ་སྩལ་བའི་ནང་། སེམས་ཀྱི་ཞི་བདེ་སྐྲུན་ཐབས་དང་། ཁོང་ཁྲོ་དང་ཕྲག་དོག་དེ་བཞིན་མ་རུངས་པའི་བློ་སོགས་ཉུང་དུ་གཏོང་ཐབས་ནི་བློ་ལ་སྦྱོང་བརྡར་བརྒྱུད་ཡོང་གི་ཡོད། ཅེས་དང་། བྱུང་ན་བཟང་ཕྱོགས་ཀྱི་བློ་དེ་མང་དུ་གཏོང་དགོས། དཔེར་ན། ངོས་རང་ལྟ་བུ། ཞེས་དང་། ཐོག་མར་ང་ཚོ་ཚང་མ་གཅིག་མཚུངས་རེད། འོན་ཀྱང་། བསམ་བློ་རིམ་པར་བཏང་རྗེས། དེང་སྐབས་ངོས་རང་ཞི་བདེའི་ངང་གནས་ཡོད། དཔེར་ན། རྒྱ་ནག་གཞུང་ལ་ཁོང་ཁྲོ་ལངས་རྒྱུའི་ཚབ་ལ་ཁོང་ཚོའི་འཕྲལ་གྱི་བསམ་བློ་གཏོང་སྟངས་ལ་སྙིང་རྗེ་སྐྱེས་ཀྱི་འདུག ཅེས་དང་། དེར་བརྟེན་ངོས་ནས་ཁོང་ཚོར་སེམས་ངན་གྱི་བློ་མེད་པར་སྨོན་ལམ་རྒྱག་བཞིན་ཡོད། དེ་ནི་ཧ་ཅང་ཡག་པོ་ཡོད་པར་མ་ཟད། དེས་གཉིད་ཀྱང་ཡག་པོ་ཁུག་གི་འདུག ཁོང་ཁྲོ་མེད་པའི་ངང་ལྷོད་ལྷོད་སྡོད་ཆོག་གི་འདུག ཅེས་བཀའ་སྩལ་འདུག
དེ་ཡང་ཝརཌ་གཙུག་ལག་སློབ་ཆེན་གྱི་སློབ་མ་དེ་དག་གིས་ཕྱི་ཟླ་༨པའི་ནང་།བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་གངས་ཅན་སྐྱིད་གཤོངས་སུ་ཆེད་ཕེབས་ཀྱིས་བོད་མིའི་སྒྲིག་འཛུགས་དང་བོད་ཀྱི་དཔེ་མཛོད་ཁང་། བོད་ཀྱི་འགྲེམ་སྟོན་ཁང་སོགས་ཀྱི་ནང་འཚམས་གཟིགས་སུ་ཕེབས་འདུག་ཅིང་། འདི་ཚེས་༡༤ བོད་མིའི་མང་སྤྱི་འཐུས་ལྷན་ཚོགས་སུ་གཟིགས་སྐོར་ཕེབས་ཏེ། སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་ལམ་སྟོན་འོག་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་ངོ་སྤྲོད་གནང་འདུག་པ་མ་ཟད། ཁོང་མོས། གོ་ལའི་གནམ་གཤིས་འགྱུར་ལྡོག་ཐད་བོད་ཀྱི་ཁོར་ཡུག་གི་གལ་གནད་སྐོར་འགྲེལ་བརྗོད་གནང་སྟེ། སློབ་ཕྲུག་ཚོས་སོ་སོའི་གཞུང་དང་གྲོས་ཚོགས་འཐུས་མི་ཚོར་བོད་མཐོ་སྒང་གི་ཁོར་ཡུག་གི་གལ་གནད་སྐོར་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུ་དགོས་པ་སོགས་གསུངས་འདུག
ཡང་ཁ་སྔོན་ཕྱི་ཟླ་༨པའི་ཚེས་༨ཉིན་ཝརཌ་གཙུག་ལག་སློབ་ཆེན་གྱི་སློབ་མ་དེ་དག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་མཇལ་འཕྲད་གནང་ཞིང་། སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཀྱི་བྱུང་རིམ་དང་། བོད་རང་བཙན་ཡིན་པའི་སྐབས། རྒྱ་ནག་དང་། བལ་ཡུལ་།རྒྱ་གར་སོགས་ཁྱིམ་འཚེས་རྒྱལ་ཁབ་ཁག་དང་འབྲེལ་གནང་ཕྱོགས་སོགས་ཀྱི་ཐད་གསུང་བཤད་གནང་འདུག ཝརཌ་གཙུག་ལག་སློབ་ཆེན་ནང་བོད་ཀྱི་རིག་གཞུང་རྒྱུས་ལོན་དང་འབྲེལ་བའི་སློབ་ཕྲུག་མཐུན་ཚོགས་དེ་ནི་སྤྱི་ལོ་༢༠༢༡ ལོའི་སྤྱི་ཟླ་དང་པོའི་ནང་ཐོག་མར་གསར་འཛུགས་གནང་སྟེ། ལོ་ལྟར་བོད་ཀྱི་དུས་སྟོན་ཞེས་སྲུང་བརྩི་གནང་སྲོལ་ཡོད་འདུག
གསར་འགོད་པ། བློ་བཟང་དགེ་ལེགས། ཡེ་ཤེས་ཟླ་བ།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།