༸གོང་ས་མཆོག་གིས་དབྱིན་ཡུལ་རྒྱལ་ཁབ་ཀྱི་དབྱུག་རྩེད་པ་ཁག་ཅིག་ལ་མཇལ་ཁ་སྩལ་བ།
འདི་ཚེས་ ༧ ནས་ ༡༡ བར་རྩེད་འགྲན་མཐའ་མའམ་ལྔ་པ་དེ་རྡ་རམ་ས་ལར་རྟེན་གཞི་བྱས་པའི་དབྱུག་རྩེད་སྤོ་ལོའི་རྩེད་ཐང་དུ་རྩེད་རྒྱུ་ཡིན་འདུག
- 2024-03-06
-
-
-
རྒྱལ་སྤྱིའི་ཁྲོད་དབྱུག་རྩེད་སྤོ་ལོ་འམ་Cricketནི་ཆེས་དགའ་མོས་བྱ་ཡུལ་གྱི་རྩེད་རིགས་ཤིག་ཡིན་ཞིང་། ལྷག་པར་དུ་རྒྱ་གར་ནང་རྩེད་རིགས་དེ་ནི་མི་མང་གི་དགའ་མོས་ཆེ་ཤོས་སུ་གྱུར་ཡོད། ཕྱི་ཟླ་ ༡ ཚེས་ ༡༥ ནས་བཟུང་རྒྱ་གར་གྱི་མངའ་སྡེ་འདྲ་མིན་ནང་རྒྱ་གར་དང་དབྱིན་ཡུལ་རྒྱལ་ཁབ་ཀྱི་དབྱུག་རྩེད་སྤོ་ལོའི་རུ་ཁག་གཉིས་དབར་ཉིན་ལྔ་ཅན་གྱི་དབྱུག་རྩེད་སྤོ་ལོའི་རྩེད་འགྲན་ནམ་(Test Match)ཐེངས་ལྔ་ཅན་ཞིག་མགོ་འཛུགས་ཀྱིས་ད་བར་རྩེད་འགྲན་ཐེངས་བཞི་གྲུབ་ཡོད་པ་རེད། འདི་ཚེས་ ༧ ནས་ ༡༡ བར་རྩེད་འགྲན་མཐའ་མའམ་ལྔ་པ་དེ་རྡ་རམ་ས་ལར་རྟེན་གཞི་བྱས་པའི་དབྱུག་རྩེད་སྤོ་ལོའི་རྩེད་ཐང་དུ་རྩེད་རྒྱུ་ཡིན་འདུག་ཅིང་། འདི་ཚེས་ ༦ ཉིན་གྱི་སྔ་དྲོར་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། དབྱིན་ཡུལ་རྒྱལ་ཁབ་ཀྱི་དབྱུག་རྩེད་པ་ཁག་ཅིག་ལ་མཇལ་ཁ་བསྩལ་ཡོད་ཅིང་། མཇལ་ཁ་གྲུབ་མཚམས་སུ་འདི་ག་གསར་འགོད་པས་ཁོང་རྣམ་པར་བཀའ་འདྲི་ཞུ་ཐབས་བྱས་ཀྱང་། ཡར་ལེན་རྩ་ནས་གནང་མ་སོང་།
ད་བར་རྒྱ་གར་དང་དབྱིན་ཡུལ་གཉིས་དབར་ཉིན་ལྔ་ཅན་གྱི་རྩེད་འགྲན་ཐེངས་བཞི་གྲུབ་པའི་ཁྲོད། རྒྱ་གར་ལ་ཐེངས་གསུམ་རྒྱལ་ཁ་ཐོབ་ཡོད་པ་རེད།
དེ་སྔོན་ཕྱི་ལོ་ ༢༠༢༣ ཟླ་བ་ ༡༠ པའི་ནང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནེའུ་ཛི་ལེཌ་ཡི་དབྱུག་རྩེད་སྤོ་ལོའི་རུ་ཁག་ལ་མཇལ་ཁ་བསྩལ་ཡོད་པ་རེད།
གསར་འགོད་པ། ཡེ་ཤེས་ཟླ་བ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།