༸གོང་ས་མཆོག་གིས། སོག་པོའི་དགེ་བཤེས་ལྷ་རམས་པ་དང་བཀའ་བཅུ་པ་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ་འདུག
ནང་པའི་གཞུང་ལུགས་ཁག་ལ་སློབ་གཉེར་བྱེད་རྒྱུ་གལ་ཆེར་ཡིན་པ་བཀའ་གནང་ཞིང་། སོག་པོའི་དགེ་བཤེས་དངོས་གྲུབ་ཚོགས་ཉིད་ལགས་ནི་གང་ཉིད་མཆོག་ལ་ཧ་ཅང་གི་བཀའ་དྲིན་ཆེན་པོ་ཡིན་པ་བཀའ་སྩལ་འདུག
- 2023-11-17
-
-
-
Your browser doesn’t support HTML5 audio
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སོགས་ཡུལ་གྱི་དད་ལྡན་བ་ཁག་ཅིག་གི་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། འདི་ཚེས་༡༧ ཉིན་གྱི་སྔ་དྲོ་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སོག་པོའི་དགེ་བཤེས་ལྷ་རམས་པ་གཉིས་དང་བཀའ་བཅུ་པ་བཞི་བཅས་སོག་ཡུལ་ནས་ཕེབས་པའི་དད་ལྡན་བ་ཁག་ཅིག་ལ་ཐུགས་བརྩེ་ཆེན་པོས་མཇལ་ཁ་དང་བཀའ་སློབ་སྩལ་བའི་ནང་། ནང་པའི་གཞུང་ལུགས་ཁག་ལ་སློབ་གཉེར་བྱེད་རྒྱུ་གལ་ཆེར་ཡིན་པ་བཀའ་གནང་ཞིང་། སོག་པོའི་དགེ་བཤེས་དངོས་གྲུབ་ཚོགས་ཉིད་ལགས་ནི་གང་ཉིད་མཆོག་ལ་ཧ་ཅང་གི་བཀའ་དྲིན་ཆེན་པོ་ཡིན་པ་བཀའ་སྩལ་འདུག
དེ་སྔ་བོད་ས་རྒྱ་ནག་གཞུང་གིས་དབང་བསྒྱུར་མ་བྱས་གོང་། སོག་པའི་རྒན་དངོས་གྲུབ་ཚོགས་ཉིད་ལགས་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚན་ཞབས་པ་ཡིན་པ་མ་ཟད།༸ གོང་ས་མཆོག་ལ་སྟོང་གི་ཉིད་ལྟ་བའི་སྐོར་ཐུགས་སྣང་འཁྲུངས་བར་རོགས་འདེགས་བསྒྲུབས་ཡོད་པ་མགོན་པོ་གང་ཉིད་མཆོག་གིས་དེ་སྔ་བཀའ་ཕེབས་ཡོད་པ་རེད།
སོག་པོའི་དགེ་བཤེས་ལྷ་རམས་པ་བློ་བཟང་ཆོས་གྲགས་ལགས་ནི། སྤྱི་ལོ་༢༠༠༠ ལོར་སོག་པོ་ནས་རྒྱ་གར་ཕེབས་ཏེ། ད་བར་ནང་པའི་གཞུང་ཆེན་ཁག་ལ་སློབ་གཉེར་རྒྱ་ཆེར་མཛད་དེ་ཉེ་ལམ་དགེ་བཤེས་ལྷ་རམས་པའི་བསླབ་པ་མཐར་སོན་འདུག་པ་དང་། ཁོང་གིས། ༸གོང་ས་མཆོག་གི་ཐུགས་དགོངས་བཞིན། ང་དང་ང་འདྲ་བའི་སོག་པོའི་དགེ་བཤེས་ཚོས་གདན་ས་ཁག་ཏུ་སློབ་གཉེར་རྒྱ་ཆེར་གནང་བའི་རྗེས། སོག་ཡུལ་དུ་ཕྱིར་ལོག་ནས། སངས་རྒྱས་ཀྱི་བསྟན་པ་དར་སྤེལ་ཐོག་ལ་ཞབས་འདེགས་སྒྲུབ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
ཡང་སྐབས་དེར་སོག་པོ་ནས་ཡིན་པའི་་Soronzonbold ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་མཇལ་ཁ་ཞུས་ཏེ། ཁོང་གིས་སྦྱིན་རླབས་ཐོབ་པར་དགའ་ཚོར་དཔག་མེད་དུ་བྱུང་། མཇལ་ཁའི་སྐབས་དགེ་བཤེས་ལྷ་རམས་པ་གཉིས་ཡོད་པ་ལས་གཅིག་ནི་ངའི་གཅེན་པོ་རེད། ཡུན་རིང་ནང་པའི་གཞུང་ཆེན་ཁག་ལ་སློབ་གཉེར་མཛད་དེ་ཉེ་ལམ་དགེ་བཤེས་རམས་པའི་བསླབ་པ་མཐར་སོན་བྱུང་བ་སྤོབས་པ་ཡོད་ལ། རྟེན་འབྲེལ་ཡང་བཟང་པོ་ཞེ་དྲགས་བྱུང་་ཞེས་འགྲེལ་བརྗོད་གནང་བྱུང་།
ཇོ་ནང་མཁན་ཆེན་རིན་པོ་ཆེ་མཆོག་ནི་ད་རེས་སོག་པོའི་མཇལ་ཁ་ཞུ་མཁན་ཚོ་སྙེ་ཁྲིད་གནང་མཁན་དེ་ཡིན་འདུག་ཅིང་། ཁོང་གིས། རྒྱ་གར་ལྷོ་ཕྱོགས་འབྲས་སྤུས་སྒོ་མང་གྲྭ་ཚང་དུ་༢༠༢༣ ལོའི་ནང་སོག་པའི་དགེ་བཤེས་དྲུག་ཐོན་ཡོད་དེ་ནི་་ད་བར་གྲྭ་ཚང་དེ་ཉིད་ནང་དུ་སོག་པའི་དགེ་བཤེས་ཐོན་པའི་ཁ་གྲངས་ཀྱི་ཆ་ནས་མང་ཤོས་གྲས་ཤིག་ཡིན་པ་འགྲེལ་བརྗོད་གནང་བྱུང་།
སྤྱིར་བོད་སོག་གཉིས་དབར་དུས་རབས་བདུན་པ་ཙམ་ནས་འབྲེལ་བ་ཆེན་པོ་བྱུང་ཡོད་པར་མ་ཟད། དམིགས་བསལ་༸རྒྱལ་མཆོག་༸སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོའི་སྐུ་དུས་ནས་བོད་སོག་དབར་ཐོུང་མ་ཡིན་པའི་འབྲེལ་བ་དམ་ཟབ་བྱུང་ཡོད་པ་རེད། དེ་ཡང་༸རྒྱལ་མཆོག་བསོད་ནམས་རྒྱ་མཚོས་སོག་ཡུལ་ནང་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་ལྷག་པར་དུ་དགེ་ལུགས་པའི་བསྟན་པ་ཤུགས་ཆེ་དར་སྤེལ་མཛད་པའི་དུས་སྐབས་དེར་བསྟན་པ་ཕྱི་དར་ངོས་འཛིན་བྱེད་སྲོལ་ཡོད་པ་རེད། དེ་བཞིན་༸རྒྱལ་མཆོག་༸སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ་མཆོག་སོག་ཡུལ་དུ་སྐུ་འཁྲུངས་པ་དང་། ༸རྒྱལ་མཆོག་༸སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་མཆོག་ལ་སོག་པོ་གུར་ཤི་ཁང་གིས་རྒྱབ་སྐྱོར་ལ་བརྟེན་ནས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་དུ་མངའ་སྲོལ་ཞུས་པ་སོགས་བོད་སོག་གཉིས་དབར་དམིགས་བསལ་གྱི་འབྲེལ་བ་བྱུང་ཡོད་པ་ལོ་རྒྱུས་ནང་གསལ་ཡོད།
གཞན་ཡང་གོང་ཞུས་ཉིན་གྱི་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་གདན་ས་གསུམ་གྱི་དགེ་བཤེས་༧༠ མ་ཟིན་ཙམ་ལ་མཇལ་ཁ་གནང་སྟེ། དགེ་ཚུལ་སློང་གི་སྡོམ་པོ་ཡག་པོ་སྲུང་པའི་ཐོག་གཙོ་བོ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ལེན་གནང་དགོས་པ་བཀའ་གནང་འདུག
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། བསྟན་འཛིན་འཕགས་སྒྲོན།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།